དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྲི་དགའི་ཁྱིམ་གྱི་རིག་གནས་འཚོ་བའི་འགྱུར་ལྡོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཉེ་དུས་གསར་འགོད་པ་འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་ལྦ་ཐང་གྲོང་ཚོའི་སྲི་དགའི་ཁྱིམ་དུ་སླེབས་སྐབས་ནང་མི་ཚང་མ་བཪྙན་འཕྲིན་གྱི་མདུན་དུ་བོད་ལྗོངས་བཪྙན་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་བལྟ་བཞིན་འདུག བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 ཡི་རིང་དཔལ་འབྱོར་དང་སྤྱི་ཚོགས་འཕུར་མཆོང་ཆེན་པོ་བྱུང་བ་དང་བསྟུན་ནས་བཪྙན་འཕྲིན་བལྟ་བ་དང་རོལ་དབྱངས་ཉན་རྒྱུ་དེ་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་ཁྱིམ་ཚང་གི་འཚོ་བའི་གལ་ཆེའི་ནང་དོན་གྱི་གྲས་ཤིག་ཏུ་གྱུར་ཡོད།

        ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་སྲི་དགས་2008 ལོར་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་གྱི་གོ་སྐབས་སྤྱད་དེ་ང་ཚོའི་ཁྱིམ་གྱིས་སྒོར་ཁྲི་13 བཏང་ནས་ད་ལྟ་སྡོད་སའི་ཁང་པ་དེ་བརྒྱབ་པ་ཡིན་ལ་ཁང་པའི་ནང་གི་དེང་རབས་ཅན་གྱི་ཁྱིམ་ཆས་དང་གློག་ཆས་འདི་དག་ཀྱང་རྗེས་སུ་ཉོས་པ་ཤ་སྟག་རེད་ཅེས་གསར་འགོད་པར་བཤད།

        མགྲོན་བསུ་ཁང་གི་དཀྱིལ་དུ་བཪྙན་འཕྲིན་དང་། DVD སྒྲ་སྐྱེད་སྒྲིག་ཆས་རྩེ་གྲ་བཅས་ཀྱིས་མགྲོན་བསུ་ཁང་གི་ས་ཆ་གཙོ་བོ་དེ་བཟུང་འདུག སྲི་དགས་རྟ་རྒྱུག་དུས་ཆེན་གྱི་DVD ཞིག་སྟོན་བཞིན་ཡོད་པ་དེ་ནི་སྲི་དགའ་རང་ཉིད་ཀྱིས་པར་བརྒྱབ་པ་ཞིག་རེད། དེའི་ནང་ཡུལ་མི་ཚོས་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་དགའ་སྤྲོའི་ངང་ཞབས་བྲོ་འཁྲབ་ནས་ལྟད་མོ་བ་ཚོར་འབྲོག་པའི་འཚོ་བ་གསར་པ་མངོན་པར་བྱས་འདུག་ལ་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པ་དང་བསྟུན་ནས་འབྲོག་པ་ཚོའི་རོལ་རྩེད་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་གང་ལེགས་མངོན་འདུག

        སྲི་དགས་ད་དུང་གསར་འགོད་པར་ན་ནིང་རང་ཉིད་ཀྱིས་ཉོས་པའི་བཪྙན་ཕབ་འཕྲུལ་འཁོར་ཆུང་གྲས་དེ་བསྟན་ཞིང་། ཁོང་གིས་གསར་འགོད་པར་ད་ཆ་གྲོང་ཚོའི་ནང་གི་མང་ཚོགས་ཚོའི་རིག་གནས་བྱེད་སྒོའང་ཅུང་མང་པོ་ཡོད་པ་དཔེར་ན། ལོ་རེའི་རྟ་རྒྱུག་འགྲན་བསྡུར་དང་ནམ་རྒྱུན་གྱི་རིག་རྩལ་བྱེད་སྒོ་དང་དེ་བཞིན་དུས་ཆེན་ཆེ་གྲས་ཁག་གི་རྟེན་འབྲེལ་བྱེད་སྒོ་སོགས་ཡིན། ཁོང་གིས་རང་ཉིད་ཀྱི་ལག་ཐོག་གི་བཪྙན་ཕབ་འཕྲུལ་འཁོར་དེ་སྤྱད་ནས་མང་ཚོགས་ཚོའི་རྣམ་པ་གསར་པ་བཀོད་དེ་འོད་སྡེར་བཟོས་ནས་ངལ་གསོའི་སྐབས་བལྟ་གི་ཡོད་ཅེས་བཤད།

        འབྲི་རུ་རྫོང་ཤག་ཆུ་གྲོང་རྡལ་གྱི་ཀྲེན་ཀྲང་སྐལ་བཟང་ཡེ་ཤེས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ནག་ཆུ་ས་ཁུལ་གྱིས་ལོ་ལྟར “རིག་གནས་གཤམ་སྤེལ ”གྱི་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱེད་པ་དང་དུས་མཚུངས་གྲོང་རྡལ་ནང་དུའང་རྟག་ཏུ་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྒྲིག་འཛུགས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་བསྐྲུན་རྒྱུར་རིག་གནས་ཀྱི་རྣམ་པ་བཟང་པོ་ཤུགས་ཆེན་བཏོད་པ་དང་འབྲོག་པ་ཚོའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་ཡོད་པས་འབྲོག་པ་ཚོའི་བསམ་པའི་ཉམས་འགྱུར་དང་རིག་གནས་ཀྱི་བྱང་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ཡོད། ད་ཆ་ཞིང་འབྲོག་མང་ཚོགས་ཚོའི་བྱེད་སྒོ་ཁག་ནང་ཞུགས་པའི་སྤྲོ་སེམས་འཕེལ་ནས་མང་ཚོགས་ཚོའི་རིག་གནས་འཚོ་བར་སྔར་བྱུང་མྱོང་མེད་པའི་དར་རྒྱས་ཀྱི་རྣམ་པ་ཐོན་ཡོད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།