དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཞིང་འབྲོག་མང་ཚོགས་ལག་རྩལ་སྦྱོང་བར་སྲིད་གཞུང་གིས་དངུལ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ལྷ་ས་གྲོང་ཁྱེར་གྱི “གཞོན་ནུ་ཞིང་འབྲོག་མང་ཚོགས་ཀྱི་ཁ་ལོ་བའི་རྩལ་ནུས་གསོ་སྦྱོང་འཛིན་གྲྭའི ”ནང་ཞུགས་པའི་ལྷུན་གྲུབ་རྫོང་གི་ཞིང་པ་བསྟན་འཛིན་བསོད་ནམས་ཀྱིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས “སྤྱོད་གོ་ཆོད་པའི་རྩལ་ནུས་ཤིག་ཁོང་དུ་ཆུད་ན་ལས་ཞུགས་ཀྱི་གདམ་ཁ་གཅིག་མང་དུ་འགྲོ་བ་དང་ང་ཚོས་ལག་རྩལ་སྣེ་གཅིག་སྦྱངས་པ་བརྒྱུད་མི་དང་འབྲེལ་འདྲིས་བྱེད་སྟངས་དེ་བས་ཤེས་པ་བྱས་ཏེ་ཀུན་སྤྱོད་ལྡན་པ་དང་། རིག་གནས་ཡོད་པ། ལག་རྩལ་ཤེས་པ་བཅས་ཀྱི་ཞིང་འབྲོག་མང་ཚོགས་གསར་པ་ཞིག་བྱ་རྒྱུ་ཡིན ”ཞེས་བཤད་པ་རེད།

        ད་ཕན་ལོ་ཤས་རིང་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ཐད་ཤུགས་སྣོན་རྒྱག་རྒྱུ་དེ་ཞིང་འབྲོག་ལས་ཀྱི་ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ལས་ཞུགས་ཐུབ་པ་དང་རང་བརྟེན་གསར་གཏོད་ཐུབ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ཏེ་གསོ་སྦྱོང་སྲིད་ཇུས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། གསོ་སྦྱོང་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ། གསོ་སྦྱོང་གི་གཞི་ཁྱོན་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཚན་རིག་དང་མཐུན་པའི་འདེབས་གསོའི་ལག་རྩལ་གྱི་ཆུ་ཚད་དང་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལྷག་མ་ལས་ཞུགས་ཐུབ་པའི་རྩལ་ནུས་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བ་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

        དོན་དངོས་ལ་གཞིགས་ནས་གསོ་སྦྱོང་འཛིན་གྲྭ་གཉེར་བ།

        2010ལོར་ལྗོངས་ཡོངས་ཀྱིས་རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་བཀོད་སྒྲིག་བྱས་པའི་མ་དངུལ་དང་རང་གྲབས་མ་དངུལ་སྒོར་ཁྲི་6195.03བེད་སྤྱོད་བྱས་པ་བརྒྱུད་ཞིང་འབྲོག་མང་ཚོགས་223964ལ་སྤྱོད་གོ་ཆོད་པའི་ལག་རྩལ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་ཡོད། ས་ཁུལ (གྲོང་ཁྱེར )ཁག་དང་སྡེ་ཚན་ཁག་གིས་གསོ་སྦྱོང་བྱེད་པའི་བརྒྱུད་རིམ་ནང་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ཏེ་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་ཧུར་ཐག་སྤེལ་ཞིང་། ལྗོངས་ཡོངས་ཀྱི་རིམ་ཁག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས་ཞིང་འབྲོག་ཁུལ་གྱི་ངལ་ནུས་ལས་ཞུགས་ཐུབ་པའི “ངལ་ནུས་སྤུས་རྟགས ”གསར་གཏོད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཞིང་འབྲོག་མང་ཚོགས་གསོ་སྦྱོང་བྱས་ནས་ལས་ཞུགས་ཐུབ་པའི་ལས་དོན་ཧུར་ཐག་སྤེལ་ཡོད། གཞིས་རྩེ་ས་ཁུལ་གྱིས་རྩིབས་སྒྲོ་བཟོ་སྟངས་དང་། རྡོ་རྒྱུ་ལས་སྣོན། འཕྲུལ་འཁོར ( ལྡུག་འཁོར་དང་འདྲུད་འཁོར )བཀོལ་སྤྱོད། སྣམ་བུ་ཐགས་སྟངས་བཅས་ཀྱི་ཐད་གསོ་སྦྱོང་བྱས་པ་དང་། ལྷོ་ཁ་ས་ཁུལ་གྱིས་མི་རིགས་ཀྱི་གླུ་གར་དང་། ལྷ་མོ་འཁྲབ་སྟོན། བོད་ལུགས་ཨར་ལས་ལག་རྩལ་སོགས་གསོ་སྦྱོང་བྱས་པ། ནག་ཆུ་ས་ཁུལ་གྱིས་སྐྱེལ་འདྲེན་དང་། ཞིང་ཕྱུགས་ཐོན་ཟོག་ལས་སྣོན། ཕྱིར་ཚོང་སོགས་ཀྱི་རྩལ་ནུས་གསོ་སྦྱོང་བྱས་ཡོད། ལོ་ཧྲིལ་པོར་ཞིང་འབྲོག་མང་ཚོགས་ཁྲི་1.32གསོ་སྦྱོང་བྱས་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་34ལས་ཞུགས་ཐུབ་པ། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་17བྱུང་ཡོད་པ་རེད།

        རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ས་ཁུལ ( གྲོང་ཁྱེར )ཁག་གི་ཞིང་འབྲོག་ཐོན་སྐྱེད་ཀྱི་གནས་ཚུལ་ལ་གཞིགས་ནས་ལྷ་ས་གྲོང་ཁྱེར་དུ་སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་ལག་རྩལ་གསོ་སྦྱོང་བྱས་པ་དང་། ཉིང་ཁྲི་ས་ཁུལ་གྱིས་སྡོང་ཕུང་འདེབས་འཛུགས་ལག་རྩལ་དང་ནགས་ཁྲོད་ཐོན་ཁུངས་འཐུ་བ་དང་། ཉར་ཚགས། ལས་སྣོན་བཅས་ཀྱི་ལག་རྩལ་གསོ་སྦྱོང་བྱས་པ། མངའ་རིས་ས་ཁུལ་གྱིས་ཕྱུགས་རིགས་ཀྱི་རིམས་ནད་འགོག་བཅོས་ལག་རྩལ་གསོ་སྦྱོང་བྱས་པ། རང་སྐྱོང་ལྗོངས་གནམ་གཤིས་ལས་ཁུངས་ཀྱིས་མི་ཐབས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་ལྡོག་གཏོང་བའི་དུས་ཚོད་ཡོལ་བའི་མདེའུ་མེད་པ་བཟོ་བའི་བརྒྱུད་རིམ་ནང་ཞིང་འབྲོག་མང་ཚོགས་ལ་དཔེ་གསར་ཅན་གྱི་མེ་སྒྱོགས་རྒྱག་རྩལ་གསོ་སྦྱོང་བྱས་པ་བཅས་རེད།

        གསོ་སྦྱོང་གི་བྱེད་ཐབས་གསར་གཏོད་བྱས་ནས་གསོ་སྦྱོང་གི་ཕན་འབྲས་ཆེ་རུ་བཏང་བ།

        ཞིང་འབྲོག་མང་ཚོགས་དང་མི་སྤྱོད་ཚན་པ་ཟུང་འབྲེལ་བྱེད་པའི་དགོས་མཁོ་དངོས་དང་ཟུང་འབྲེལ་གྱིས་གསར་གཏོད་བྱེད་ཐབས་གསར་པ་རྒྱུན་ཆད་མེད་པར་གསར་གཏོད་དང་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་ཕན་འབྲས་རང་བཞིན་ཆེ་རུ་བཏང་བ་སྟེ། དཔེར་ན། རང་སྐྱོང་ལྗོངས་ཞིང་འབྲོག་ཚན་རྩལ་ཁང་གིས་གཅིག་སྡུད་གསོ་སྦྱོང་དང་། ས་གནས་ས་ཐོག་ཏུ་བཀོལ་སྤྱོད། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་ལག་རྩལ་ཞབས་ཞུ་མཁོ་འདོན་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཞིང་འབྲོག་ལས་ཀྱི་འདེབས་འཛུགས་ལག་རྩལ་འཆད་ཁྲིད་བྱེད་པ་དང་ད་དུང་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ཏེ་བོད་ཀྱི་སྔོ་ཚལ་འདེབས་འཛུགས་དང་གཡོག་བྱེད་དང་བོད་ཀྱི་བཟའ་བྱའི་ཤ་མོ་འདེམས་གསོ་དང་གཡོག་བྱེད་སོགས་ཤེས་སླའི་ལག་རྩལ་གསོ་སྦྱོང་གི་བོད་ཡིག་ལག་དེབ་རྩོམ་འབྲི་བྱས་ནས་ཞིང་འབྲོག་མང་ཚོགས་ལ་སྤྲད་པ་དང་འབྲེལ་བོད་ཀྱི་ཞིང་འབྲོག་རྒྱང་ཁྲིད་སློབ་གསོའི་ཆ་འཕྲིན་ཞབས་ཞུའི་ལས་སྟེགས་བསྡུ་ལེན་ས་ཚིགས་བརྒྱུད་ཞིང་འབྲོག་མང་ཚོགས་ལ་དྲ་བའི་ཐོག་ནས་གསོ་སྦྱོང་བྱས་པར་བརྟེན་ཞིང་འབྲོག་མང་ཚོགས་ཀྱི་སློབ་སྦྱོང་ཐད་སྟབས་བདེ་བྱུང་ཡོད།

        རང་སྐྱོང་ལྗོངས་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་ཐིང་གིས་འཛུགས་སྐྲུན་ཨར་ལས་ཐད་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ནས་2009ལོར “རྩལ་ནུས་གསོ་སྦྱོང་དང་ལས་རིགས་གསལ་འབྱེད ”ཀྱི་བྱེད་ཐབས་སྤྱད་ནས་ཞིང་འབྲོག་མང་ཚོགས་བརྒྱ་ཙམ་ལ་ལས་རིགས་ཐོབ་ཐང་ལག་ཁྱེར་སྤྲད་ཅིང་། 2010ལོར་འཛུགས་སྐྲུན་རྩལ་ནུས་གསོ་སྦྱོང་དཔྱད་ཞིབ་བྱེད་ཐབས་བཟོས་པ་དང་འབྲེལ “བོད་ཀྱི་ཞིང་འབྲོག་ལས་མིའི་འཛུགས་སྐྲུན་རྩལ་ནུས་གསོ་སྦྱོང་རྟེན་གཞིའི ”ཨར་ལས་ཁེ་ལས་20ཞིབ་དཔྱད་བྱས་ཏེ་བཙུགས་པ་མ་ཟད། ད་དུང་ལས་ཡུལ་གྱི་ས་གནས་ས་ཐོག་ཏུ་དགེ་རྒན་གྱིས་དགེ་ཕྲུག་ཁྲིད་པ་སོགས་བྱེད་ཐབས་སྣ་མང་གི་ཐོག་ནས་ཞིང་འབྲོག་མང་ཚོགས་གསོ་སྦྱོང་བྱས་ཡོད། གསོ་སྦྱོང་ཚད་ལོན་མཁན་ལ་ལས་རིགས་རྩལ་ནུས་གསལ་འབྱེད་དཔྱད་ཞིབ་བྱས་པ་བརྒྱུད་ལས་རིགས་ཐོབ་ཐང་ལག་ཁྱེར་སྤྲོད་པ་དང་གསོ་སྦྱོང་གི་ཁ་གསབ་དངུལ་ཁ་ཐོག་ལག་བཞག་ཐུབ་པར་བརྟེན་གསོ་སྦྱོང་མ་དངུལ་སྤྱོད་པའི་ཕན་འབྲས་ཐོན་ཞིང་། རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱིམ་ལས་ཞབས་ཞུའི་དགོས་མཁོར་གཞིགས་ནས་ཞིང་འབྲོག་མང་ཚོགས་ཁྲོད་ཁྱིམ་ལས་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་བྱས་པ་དང་གསོ་སྦྱོང་བྱས་རྗེས་ལས་ཞུགས་ཐུབ་ཚད་95%ཟིན་ཡོད།

        ཞིབ་བཤེར་ཚོད་སྐོར་བྱས་ཏེ་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ།

        གསོ་སྦྱོང་གི་སྤུས་ཚད་གོང་མཐོར་གཏོང་ཆེད་གསོ་སྦྱོང་ཚན་ཁག་ཁ་ཤས་ཀྱིས་ཞིང་འབྲོག་པའི་རྩལ་ནུས་ལས་དོན་གྱི་ལྟ་སྐུལ་དཔྱད་ཞིབ་ཚོགས་ཆུང་བཙུགས་ཡོད། རང་སྐྱོང་ལྗོངས་ཀྱི་རིམ་པ་ཁག་གི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཚན་གྱིས “འཛིན་གྲྭ་གཉེར་བར་སྙན་འབུལ་ཆོག་མཆན་སྤྲོད་པ་དང་། འཛིན་གྲྭའི་ནང་འཐེན་བཤེར་ཞིབ་བསྡུར་བྱེད་པ། སློབ་མཇུག་འགྲིལ་རྗེས་ཞིབ་བཤེར་རྩིས་ལེན་བྱེད་པ ”བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་། རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གིས་དུས་བཀག་དང་དུས་ངེས་མེད་ངང་གསོ་སྦྱོང་ཚན་པར་བསྐྱོད་དེ་དགེ་སློབ་དང་སྤེལ་རེས་བྱས་ནས་སློབ་མའི་འཚོ་བ་དང་སློབ་སྦྱོང་གི་གནས་ཚུལ་ཤེས་རྟོགས་བྱས་པ། རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་གིས་གསོ་སྦྱོང་ཐོབ་པའི་ཞིང་དུད་ལ་འཚམས་འདྲི་བྱེད་པ་དང་ཞིང་དུད་ཀྱིས་གསོ་སྦྱོང་གདེང་འཇོག་རེའུ་མིག་འབྲི་བའི་བྱེད་ཐབས་བརྒྱུད་གསོ་སྦྱོང་ལས་ཀའི་ལག་རྩལ་པར་དཔྱད་ཞིབ་བྱས་པ། རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་ཚོད་སྐོར་ཞིབ་བཤེར་དཔྱད་ཞིབ་བྱེད་ཐབས་དང་མ་ལག་བཙུགས་པ་དང་འབྲེལ་ཚོད་སྐོར་ཞིབ་བཤེར་ཚོགས་ཆུང་སྒྲིག་འཛུགས་ཀྱིས་ས་ཁུལ (གྲོང་ཁྱེར )ཁག་ཏུ་བསྐྱོད་དེ་ཞིབ་བཤེར་རྩིས་ལེན་གྱི་ལས་དོན་སྤེལ་བ་བཅས་རེད།

        ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་དོན་དངོས་དང་ཉེ་བཅར་གྱི་གསོ་སྦྱོང་རབ་དང་རིམ་པ་བྱས་པ་བརྒྱུད་ཞིང་འབྲོག་པའི་དངོས་སྤྱོད་རྩལ་ནུས་ནུས་ལྡན་ངང་ཆེ་རུ་ཕྱིན་ནས་རྒྱ་ཆེའི་ཞིང་འབྲོག་པའི་དགའ་བསུ་ཐོབ་པ་མ་ཟད་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་མཐུན་སྦྱོར་ལྡན་པའི་བོད་ལྗོངས་བསྐྲུན་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།