དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱི་སྤྱི་ཚོགས་འགན་ལེན་མ་ལག་སྔར་བས་འཐུས་སྒོ་ཚང་དུ་འགྲོ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        གསར་འགོད་པར་ཉེ་ཆར་སྐོང་ཚོགས་བྱས་པའི་ལྗོངས་ཡོངས་ཀྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ལས་ཀའི་བཞུགས་མོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་ལེན་ནང་ཞུགས་མཁན་མི་གྲངས་བསྡོམས་འབོར་ཁྲི་170.5ཟིན་པ་དང་སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་ཁག་ཁྱོན་སྒོར་དུང་ཕྱུར་9.51བསྡུ་སྤྲོད ( བསྡུ་ལེན )བྱས་པ་དེ་དུས་མཚུངས་ལས་30.27%འཕར་བ་དང་ཐེབས་རྩ་སྒོར་དུང་ཕྱུར་8.46བཏང་བ་དེ་དུས་མཚུངས་ལས་23.18%འཕར་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

        གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟའི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་ཞིང་། མིག་སྔར་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟ་ཁྱབ་ཁྱོན་80%བར་རྒྱ་ཆེར་ཕྱིན་ཡོད། ཆེད་དོན་བརྟག་ཞིབ་དང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་མི་སྒེར་གྱི་རྩིས་ཁྲ་འཛུགས་པ་དང་དོ་དམ་གནས་ཚུལ་གྱི་ཆེད་དོན་བརྟག་དཔྱད་སྒྲིག་འཛུགས་ཡོད་པའི་སྒོ་ནས་བྱས་པ་དང་། 《གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་གཉེར་རྒྱུ་དང་འབྲེལ་བ་ཡོད་པའི་གནད་དོན་གྱི་ཡི་གེ 》དཔར་འགྲེམས་བྱས་པ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་གཉེར་བའི་བརྒྱུད་རིམ་སྔར་བས་ཚད་ལྡན་བཟོས་པ། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཇུས་གཞི་བཏོན་པ་བཅས་བྱས་པ་རེད།

        རྒན་གསོའི་འགན་བཅོལ་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཞིང་། ལོ་སྟོད་དུ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་གྲངས་ཁྲི་3.02 ལ་གཞི་རྩའི་རྒན་གསོའི་དངུལ་ལེགས་སྒྲིག་བྱས་པ་མ་ཟད་ལེགས་སྒྲིག་ཟིན་རྗེས་ཀྱི་གཞི་རྩའི་རྒན་གསོའི་དངུལ་དེ་དག་དུས་ཐོག་ཏུ་ལས་འཁྱུར་ངལ་གསོ་རྒྱག་མཁན་ཚོར་སྤྲད་པ་རེད།

        སྨན་བཅོས་འགན་ལེན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཞིང་། དམིགས་བསལ་ནད་རིགས་ཀྱི་སྒོ་བསྟེན་སྨན་ཁང་སྔར་བས་མང་དུ་བཏང་བ་དང་། འགྲོ་སོང་རྩིས་ཞུའི་ཚད་གཞིའི་བསྡུར་ཚད་མཐོ་རུ་བཏང་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་ལོ་འཁོར་གྱི་སྨན་བཅོས་འགྲོ་སོང་གཏོང་བའི་ཚད་གཞི་མཐོ་ཤོས་དེ་སྒོར་ཁྲི་ 22(ཚོང་ལས་ཀྱི་ཁ་གསབ་སྨན་བཅོས་འགན་བཅོལ་སྒོར་ཁྲི་14ཚུད་པ )དང་སྒོར་ཁྲི་13(ཚོང་ལས་ཀྱི་ཁ་གསབ་སྨན་བཅོས་འགན་བཅོལ་སྒོར་ཁྲི་8ཚུད་པ )སོ་སོར་ཟིན་ཡོད། ལྗོངས་ཡོངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་གནས་གཏན་འཁེལ་གྱི་སྨན་བསིལ་ཚོང་ཚོང་ཁང་ལ་ཆེད་དོན་བརྟག་དཔྱད་བྱས་པ་དང་སྨན་བཅོས་འགན་བཅོལ་གྱི་ཞབས་ཞུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་རེད།

        ལས་ཤོར་འགན་བཅོལ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་ཞིང་། ལོ་སྟོད་དུ་རང་ལྗོངས་ཀྱིས་ལས་ཤོར་འགན་བཅོལ་ཐེབས་རྩ་གཏོང་བའི་ཁྱབ་ཁོངས་འཚོལ་ཞིབ་དང་རྒྱ་ཆེར་ཧུར་ཐག་བཏང་ནས་ལས་ཤོར་འགན་བཅོལ་གྱི་ལས་ཤོར་སྔོན་འགོག་དང་ལས་ཞུགས་ལ་སྐུལ་མ་གཏོང་བའི་ལམ་སྲོལ་ནུས་ལྡན་བཙུགས་པ་དང་། ལས་ཤོར་འགན་བཅོལ་གྱི་རང་སྐྱོང་ལྗོངས་རིམ་པའི་གཅིག་གྱུར་འཆར་འགོད་ལ་ཁྱོན་ཡོངས་ནས་སྐུལ་མ་བཏང་བ། ལས་རྨས་དང་བུ་བཙའི་འགན་བཅོལ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་བཅས་བྱས་པ་རེད། གཏན་འཁེལ་བྱུང་བའི་ལས་རྨས་མི་སྣ་རྒན་གྲས་ 1158 ཚང་མ་ལས་རྨས་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་དོ་དམ་གྱི་ཁྱབ་ཁོངས་ནང་བཅུག་ཡོད་པ་དང་འདི་ལོའི་ལོ་མཇུག་གོང་ཚང་མར་ལས་རྨས་འགན་བཅོལ་གྱི་ཐོབ་ཐང་ཁ་བཤད་ལག་བསྟར་བྱ་རྒྱུ་རེད།

        སྤྱི་ཚོགས་འགན་བཅོལ་ཐེབས་རྩའི་ལྟ་སྐུལ་དོ་དམ་སྔར་བས་ཤུགས་ཆེར་བཏང་ཞིང་། སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩ་དེ་བསྡུ་ལེན་ཞིབ་བཤེར་གཏན་འཁེལ་བྱས་པ་ནས་ཐོབ་ཐང་སྤྲོད་པའི་བར་གྱི་ཉེན་ཁའི་ཁུལ་ཁག་གི་ལྟ་སྐུལ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་པ། ཐེབས་རྩ་བསྡུ་སྤྲོད་ལས་དོན་གྱི་བརྒྱུད་རིམ་ཚད་ལྡན་བཟོས་པ། ཐེབས་རྩར་ལྟ་སྐུལ་ནན་པོ་བྱས་པ། སྤྱི་ཚོགས་ཐེབས་རྩའི་ཆད་དངུལ་གཙང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་བ། སྤྱི་ཚོགས་ཀྱི་འགན་བཅོལ་དངུལ་ཁག་གཙང་བཤེར་དང་བསྡུ་ལེན་བཅས་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།