དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཉིང་ཁྲི་རྫོང་བྲག་ཕྱིབས་གྲོང་ཚོའི་མིག་དམར་ཁྱིམ་གྱི་ཕྱུག་འགྱུར་ལམ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།ཀྲའོ་ཝུན་ཅུན་དང་། ཁྲུན་ལཱ་དང་ལི་ཕུང་བཅས་ཀྱིས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིང་ཁྲི་རྫོང་བརྒྱད་གཅིག་གྲོང་རྡལ་ནས་བར་ཐག་སྤྱི་ལེ་གསུམ་མ་ཟིན་ཙམ་གྱི་སར “ཤུག་སྡོང་ཆེན་པོའི ”མཛེས་ལྗོངས་ཁུལ་ཞིག་ཡོད་པ་དེར་རླངས་འཁོར་སྐྱེལ་འདྲེན་ལ་བརྟེན་ནས་ཕྱུག་པོ་ཆགས་ཤིང་གང་སར་སྐད་གྲགས་ཆོད་པའི་བྲག་ཕྱིབས་གྲོང་ཚོ་ཆགས་ཡོད་པ་རེད།

        “ལོ་རབས་བརྒྱད་ཅུའི་གོང་དུ་གྲོང་ཚོ་དེ་དབུལ་ཞིང་ཕོངས་པས་མི་སེར་ཚོ་ལྟོ་གྲོད་པ་རྒྱགས་ཙམ་ལས་མེད་པ་དང་གྱོན་གོས་སྟེང་ལྷན་པས་ཁེངས་ནས་ཡོད། ཕྱུགས་འཚོ་བ་དང་ཤིང་གཅོད་པ་སོགས་ལུས་པོའི་ངལ་རྩོལ་ཁོ་ནར་བརྟེན་པ་ནི་ཐབས་ཤེས་ཤིག་རེད་མི་འདུག ”ཅེས་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་མིག་དམར་གྱིས་དེ་ལྟར་བཤད། 1989ལོར་གྲོང་ཚོས་ཁག་ཐེག་བྱས་པའི་འོག་མིག་དམར་གྱིས་དངུལ་བུན་སྒོར་ཁྲི་2.8གཡར་ནས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཆེན་པོ་ཞིག་ཉོས་ཏེ་སྐྱེལ་འདྲེན་གྱི་ལས་ལ་ཞུགས་པས་ལོ་གཅིག་སོང་རྗེས་དངུལ་བུན་ཚང་མ་སྤྲོད་ཐུབ་པ་བྱུང་བ་རེད།

        “སྐྱེལ་འདྲེན་གྱི་ལས་ལ་ཞུགས་རྗེས་གྲོང་ཁྱེར་མང་པོ་ཞིག་ཏུ་ཕར་འགྲོ་ཚུར་འོང་བྱས་པས་མཐོང་རྒྱ་དང་བསམ་རྒྱ་ཇེ་ཆེར་ཕྱིན་སོང ”མིག་དམར་གྱིས་གྲོང་ཁྱེར་ནང་འཛུགས་སྐྲུན་བྱེད་བཞིན་ཡོད་པས་སྔོན་བཟོས་ཨར་ལེབ་འགྲོ་ཁུངས་ཆེན་པོ་ཡོད་པ་ཤེས་པ་དང་སྐབས་དེ་དུས་ཉིང་ཁྲིར་སྔོན་བཟོས་ཨར་ལེབ་བཟོ་གྲྭ་གཅིག་ཀྱང་མེད། སྲིད་གཞུང་གི་རྒྱབ་སྐྱོར་འོག་སྤུས་ཚད་ལྟ་སྐུལ་ཅུས་ཀྱིས་ལག་རྩལ་ཐད་ལྟ་སྐུལ་དོ་དམ་བྱས་པ་དང་ཤང་གྲོང་ཁེ་ལས་ཅུས་ཀྱིས་སྒོར་ཁྲི་དྲུག་གི་སྐྱེད་གསབ་དངུལ་བུན་བཏང་ནས་ལག་རྩལ་དང་མ་དངུལ་གྱི་དཀའ་གནད་ཐག་གཅོད་བྱས་རྗེས་མཐར་སྔོན་བཟོས་ཨར་ལེབ་བཟོ་གྲྭ་དེ་1999ལོར་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས། བཟོ་གྲྭ་དེར་ཐོག་མར་བཟོ་པ་དྲུག་གིས་མི་ཐབས་ལ་བརྟེན་ནས་ཨར་ལེབ་བཟོ་བ་ནས་ད་ཆ་བཟོ་པ་46བར་མང་དུ་ཕྱིན་པ་དང་གཏན་འཇགས་མ་དངུལ་སྒོར་ཁྲི་200ཡོད་ཅིང་། ལོ་རེའི་ཆ་སྙོམས་ཐོན་ཚད་རིན་ཐང་བསྡོམས་འབོར་སྒོར་ཁྲི་100ལྷག་ཙམ་ཟིན་ནས་ལོར་ཁེ་བཟང་སྒོར་ཁྲི་30ལྷག་ཙམ་ཡོད་པ་རེད།

        ད་ཆ་མིག་དམར་གྱི་བུ་ནི་སྔོན་བཟོས་ཨར་ལེབ་བཟོ་གྲྭའི་ལས་སྒོའི་སྤྱི་གཉེར་ཡིན་ལ་ཕའི་ལས་རོགས་འཇོན་པོ་ཞིག་ཀྱང་ཡིན། བཟའ་ཟླ་དབྱངས་ཅན་ནི་ཁྱིམ་ནང་གི “ཞིང་ལས་འགན་འཁུར་པ ”ཞིག་ཡིན་པ་དང་ཁོང་དང་བུའི་མནའ་མ་པ་སངས་གཉིས་ཀྱིས་ཁྱིམ་གྱི་ས་ཞིང་འདེབས་པ་དང་ཕྱུགས་གསོ་བ་སོགས་ཀྱི་ལས་ཀ་རྣམས་བྱེད་ཀྱི་ཡོད་པ་མ་ཟད། ད་དུང་མཉམ་ལས་ཁང་ནང་ཞུགས་ཡོད་པ་རེད། ཞིང་དལ་གྱི་དུས་སུ་པ་སངས་ད་དུང “ཤུག་སྡོང་ཆེན་པོའི ”མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བར་ཡུལ་ཟོག་འཚོང་བར་འགྲོ་རྒྱུར་དགའ་པོ་ཡོད་པ་དང་ལོ་གཅིག་ནང་ཡོང་འབབ་སྒོར་ཁྲི་ཟིན་གྱི་ཡོད་པ་རེད།

        མིག་དམར་ཁྱིམ་གྱིས་འབད་བརྩོན་ཧུར་ཐག་བྱས་ཏེ་ས་ཞིང་འདེབས་པ་དང་། གསོ་ཚགས་དང་སྐྱེལ་འདྲེན་བྱེད་པ། ཁེ་ལས་གཉེར་བ་སོགས་གཉེར་སྐྱོང་མང་པོ་བྱས་པ་མ་ཟད། ད་དུང་ཞོར་ལས་ཀྱང་གཉེར་བར་ལོའི་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཟིན་ནས་ད་ཆ་བྲག་ཕྱིབས་གྲོང་ཚོར་སྐད་གྲགས་ཡོད་པའི་ཕྱུག་པོའི་དུང་ཚང་ཞིག་ཏུ་གྱུར་ཡོད་པ་རེད།

        ཡོང་འབབ་མང་དུ་ཕྱིན་པ་དང་མིག་དམར་ཁྱིམ་གྱི་ཁང་པ་ཡང་རྒྱ་ཇེ་ཆེ་དང་ཇེ་ལེགས་སུ་འགྲོ་བཞིན་ཡོད་ཅིང་། 1984ལོར་མིག་དམར་དང་གྲོང་ཚོ་དེ་གའི་བུ་མོ་དབྱངས་ཅན་གཉིས་གཉེན་སྒྲིག་བྱེད་སྐབས་ཀྱི་ཁང་པ་ས་རྡོའི་ཁང་པ་ཡིན་པ་མ་ཟད། རྒྱ་ཆུང་ཞིང་དཀར་གསལ་ཡག་པོ་མེད། 1985ལོར་ནང་མི་ཚོས་དཀའ་ངལ་ཁྱད་བསད་ཀྱིས་ངལ་རྩོལ་བྱས་ཏེ་ཁང་མིག་དྲུག་ཡོད་པའི་ཁང་པ་ཐོག་གཅིག་མ་ཞིག་གསར་རྒྱག་བྱས། 1999ལོར་མིག་དམར་ཁྱིམ་གྱིས་ད་ཆའི་སྤྲོ་ཁང་དེ་བརྒྱབ་པ་དང་སྐབས་དེ་དུས་གྲོང་ཚོའི་ནང་གི་ཁང་པ་གསར་པ་ཡག་ཤོས་དེ་ཡིན་པ་རེད།

        མིག་དམར་ཁྱིམ་གྱི་སྒོ་རའི་ནང་བྱིས་པའི་རྩེད་འཁོར་མང་དག་བཞག་ཡོད་པ་དང་ཁང་པའི་ནང་དུ་བྱིས་པའི་རྩེད་ཆས་དང་དཔེ་དེབ་མང་པོ་ཡོད། ལོ་གཉིས་ལ་སླེབས་པའི་ཚ་བོ་དབང་ཕྱུག་ནི་ཁྱིམ་ཚང་གི་རེ་བ་ཡིན་ཞིང་། མིག་དམར་གྱིས “དེ་སྔ་རང་ཉིད་སློབ་གསོ་ཐོབ་ཉུང་བས་མ་གཞི་རྒྱུན་དུ་བསམ་ཚུལ་མང་པོ་ཡོད་ཀྱང་། དངོས་སུ་ལག་ལེན་བསྟར་བའི་འཇོན་ཐང་འདང་གི་མི་འདུག ཚ་བོ་ཕྱིས་སུ་མ་མཐར་ཡང་སློབ་ཆེན་ཐོན་ཐུབ་པ་བྱེད་ཀྱི་ཡིན ”ཞེས་ཤོད་ཀྱི་ཡོད།

        “ཕྱིས་འབྱུང་ལྷ་ས་ནས་ཉིང་ཁྲིའི་བར་ལྕགས་ལམ་སྐྲུན་རྒྱུ་ཡིན་པ་གོ་ཐོས་བྱུང་བས་བྲག་ཕྱིབས་གྲོང་ཚོའི་འཕེལ་རྒྱས་ཇེ་ལེགས་སུ་འགྲོ་ངེས་ཡིན་ལ་ང་ཚོ་ནང་མི་ཚོའི་འཚོ་བ་ཡང་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་ངེས་ཡིན ”ཞེས་མིག་དམར་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།