དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱིས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་མཐོ་སློབ་ཀྱི་ལས་ཞུགས་སློབ་མའི་འཚོ་བའི་ཁ་གསབ་མཐོ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ཀྱི་གཞི་རིམ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཞུགས་བྱེད་པར་སྐྱོད་མཁན་མཐོ་སློབ་སློབ་ཐོན་སློབ་མའི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་ནས་དེ་སྔའི་མི་རེར་ཟླ་རེར་སྒོར་300ནས་ལས་ཀ་བྱ་ཡུལ་གཞིར་བཟུང་རིགས་གཉིས་པ་དང་། རིགས་གསུམ་པ། རིགས་བཞི་པ་བཅས་ཀྱི་ས་ཁུལ་གྱི་ཁ་གསབ་ཚད་གཞིའི་བར་མཐོ་རུ་བཏང་སྟེ་སྒོར་400དང་། སྒོར་500 སྒོར་600བཅས་སོ་སོའི་བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

        དེ་ནི་གསར་འགོད་པར་ཚེས་29ཉིན་འཚོགས་པའི་བོད་རང་ལྗོངས་སྐྱོང་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། དེ་སྔའི་གཏན་འབེབས་གཞིར་བཟུང་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཞུགས་བྱེད་པར་སྐྱོད་མཁན་མཐོ་སློབ་སློབ་ཐོན་སློབ་མར་མི་རེར་ཟླ་རེར་སྒོར་900འམ་ཡང་ན་སྒོར་950ཡི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཀྱི་གླ་ཕོགས་ཁ་གསབ་ཀྱི་ཐོབ་ཐང་ལོངས་སྤྱོད་བྱས་པ་ཕུད་ནོར་སྲིད་སྡེ་ཚན་གྱིས་སྒོར་300ཡི་འཚོ་བའི་ཁ་གསབ་གསབ་སྤྲོད་བྱས་ཏེ་མི་རེར་ཟླ་རེར་ཡོང་འབབ་སྒོར་1200འམ་ཡང་ན་སྒོར་1250ལོན་རྒྱུ་རེད། མི་སྒེར་གྱིས་འཇལ་འོས་པའི་རྒན་གསོ་དང་། ལས་ཤོར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་བཅས་ཀྱི་འགྲོ་གྲོན་སྒོར་167འཐེན་རྗེས་ཟླ་རེའི་དངོས་ཡོད་ཡོང་འབབ་སྒོར་1033འམ་ཡང་ན་སྒོར་1083ཡིན་པ་རེད།

        ཐོབ་ཐང་གི་ཚད་གཞི་དམའ་དྲགས་པ་དང་གཞི་རིམ་ལས་དོན་གྱི་ཆ་རྐྱེན་ཅུང་ཞན་པ་སོགས་ཀྱི་རྐྱེན་པས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཞུགས་བྱ་རྒྱུའི་བོད་ཀྱི་མཐོ་སློབ་སློབ་ཐོན་སློབ་མའི་ཧུར་བརྩོན་རང་བཞིན་ཆེན་པོ་མེད་པ་དང་ལྗོངས་ནང་ཁུལ་དུ་ཆེད་ལས་རང་བཞིན་དང་ལག་རྩལ་རང་བཞིན་ཅུང་ཆེ་བའི་གཞི་རིམ་གྱི་སྤྱི་ཚོགས་དོ་དམ་དང་སྤྱི་པའི་ཞབས་ཞུའི་རིགས་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་མི་མ་འདང་བའི་གནས་ཚུལ་འགའ་ཞིག་གནས་ཡོད་པ་རེད།

        མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཁུར་པོ་ཡང་དུ་གཏོང་བ་དང་། སྤྱི་ཕན་རང་བཞིན་གྱི་ལས་གནས་བཀོད་སྒྲིག་གི་ནུས་པ་འདོན་སྤེལ་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་གཞི་རིམ་དུ་ལས་ཀ་བྱེད་པར་བསྐྱོད་རྒྱུའི་ཧུར་བརྩོན་རང་བཞིན་ལ་སྐུལ་འདེད་ཡོང་བ་བཅས་བྱ་ཆེད་བོད་རང་སྐྱོང་ལྗོངས་ཀྱིས་གཞི་རིམ་གྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་ཐོག་ལས་ཞུགས་བྱེད་པར་སྐྱོད་མཁན་མཐོ་སློབ་སློབ་ཐོན་སློབ་མའི་འཚོ་བའི་ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ཤིང་། ཚད་གཞི་གསར་པ་དེ་2011ལོའི་ཟླ་7ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་དང་ཁ་གསབ་ཀྱི་དུས་ཡུན་རིང་ཤོས་ལོ་5ལས་བརྒལ་རྒྱུ་མེད་པ་རེད།

        2011ལོའི་ཟླ་བ་གསུམ་པའི་བར་བོད་ཀྱི་སྤྱི་ཕན་རང་བཞིན་གྱི་ལས་གནས་15700ཐོག་མཐོ་སློབ་སློབ་ཐོན་སློབ་མ་1023བཀོད་སྒྲིག་བྱས་པ་དེས་སྤྱི་ཕན་རང་བཞིན་གྱི་ལས་གནས་སྤྱིའི་བསྡོམས་གྲངས་ཀྱི་6.52%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།