དབུ་ཤོག>གསར་འགྱུར།>དམངས་འཚོ།
  • གཟིགས་སྐྱོང་སྲིད་ཇུས་དམངས་ཀྱི་གསོས་སུ་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཞིང་འཕྲུལ་ཅན་དུ་གྱུར་པའི་ས་མཐོའི་ཞིང་པའི་ཉམས་བཟང་།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60སོང་རིང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་རྒྱལ་ཡོངས་མི་དམངས་དང་ལྷན་དུ་རྔུལ་ཆུ་དང་བློ་གྲོས་ལ་བརྟེན་ནས་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་དང་སྒྱུར་བཅོས་སྒོ་དབྱེའི་རླབས་ཆེན་ལག་ལེན་བརྒྱུད་དེ “ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི ”ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པ་དང་བོད་ཀྱི་ཞིང་ལས་ཐོན་ཟོག་མཁོ་སྤྲོད་དེ་ཡུན་རིང་དཀོན་པོ་ནས་འདོན་སྤྲོད་དང་དགོས་མཁོ་སྤྱིར་ན་དོ་མཉམ་ཡོད་པ་དང་། ལོ་སྐྱ་རྒྱས་དུས་ལྷག་མ་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྦྱོང་དུས་སློབ་མཁན་ཡོད་པ་དང་། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ་བཅས་བྱུང་བ་རེད།

        དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཀྱི་སྦྲང་ཆར་ལས་གངས་ལྗོངས་ཀྱི་ས་གཞི་ཆེ་མོ་བརླན་པར་བྱས་པ་སྟེ། ཞིང་འབྲོག་པའི་ཐོན་སྐྱེད་ཧུར་སེམས་ཆེན་པོ་སྔར་ན་མེད་པ་བྱུང་སྟེ་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་ཆེན་པོ་བྱུང་བ།

        ཞི་བས་བཅིངས་འགྲོལ་བཏང་ཚུན་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་འཕེལ་རྒྱས་མགྱོགས་སུ་གཏོང་ཆེད་སྔ་རྗེས་སུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་འཚོགས་ནས་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་བཟོས་ཏེ་སྲིད་ཇུས་ཀྱི་ཐད་ནས་རང་ལྗོངས་ཀྱི་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་ཐད་གཟིགས་སྐྱོང་ཆེན་པོ་བྱས་ཡོད།

        1959ལོར་ཏང་གིས་བོད་ཀྱི་རྒྱ་ཆེའི་མི་དམངས་ཚོའི་སྣེ་ཁྲིད་དེ་བརྗིད་ཆགས་ཉམས་དང་ལྡན་པའི་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་རྒྱ་ཆེའི་ཞིང་འབྲོག་པར “འདེབས་མཁན་ལ་ས་ཞིང་ཡོད་པ ”བྱས་པ་དེ་ནི་བོད་ཀྱི་ལོ་རྒྱུས་འགྱུར་ལྡོག་ཁྲོད་ཀྱི་དུས་རབས་འབྱེད་པའི་འཕོ་འགྱུར་ཞིག་རེད།

        1980ལོར་རང་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོའི་ངོས་ནས་བརྗོད་ན་དེ་ནི་ལམ་འགྲོ་རྒྱུག་པའི་ལོ་ཞིག་རེད། ལོ་དེར་ཀྲུང་དབྱང་གིས་བོད་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་གྲུབ་ཆ་རྐྱང་པ་དང་ཞིང་འབྲོག་པའི་ཡོང་འབབ་དམའ་ཙམ་ཡིན་པའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་བོད་ལྗོངས་ཀྱི་ཞིང་འབྲོག་པའི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོའི་ཁྲལ་བསྡུ་མཐའ་དག་མེད་པ་བཟོ་རྒྱུའི་ཐག་བཅད་པས་བོད་རང་སྐྱོང་ལྗོངས་འདི་ཉིད་རྒྱལ་ཡོངས་ནས་ཞིང་ལས་དཔྱ་ཁྲལ་མེད་པ་བཟོས་པའི་ས་ཁུལ་ཨང་དང་པོར་གྱུར་ཏེ་ཞིང་འབྲོག་པའི་ཐོན་སྐྱེད་ཧུར་སེམས་སྔར་ན་མེད་པའི་མཐོ་རུ་ཕྱིན་པ་རེད།

        1984ལོར་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་དང་ཀྲུང་དབྱང་གི་མཛུབ་ཁྲིད་དགོངས་དོན་ལ་གཞིགས་ནས་བོད་རང་སྐྱོང་ལྗོངས་ཀྱིས་བློ་ཁོག་ཆེན་པོས་སྒྱུར་བཅོས་གཏིང་ཟབ་བྱས་པ་མ་ཟད “ས་ཞིང་སྤྱོད་དབང་དུད་ཚང་ལ་བདག་པ་དང་། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ ”བཅས་དང “ཕྱུགས་རིགས་དུད་ཚང་ལ་བདག་པ་དང་། སྒེར་བདག་སྒེར་གསོ། རང་བདག་གཉེར་སྐྱོང་། ཡུན་རིང་མི་འགྱུར་བ ”བཅས་ཀྱི་སྲིད་ཇུས་ལག་ལེན་བསྟར་བས་ཞིང་འབྲོག་པ་བློ་བདེ་པོ་བྱུང་བ་རེད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་འགོར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གིས་རྫོང་དེ་ཡོངས་སུ་ས་ཞིང་འགན་གཙང་སྤྲོད་རྒྱུ་ཁྱབ་གདལ་བཏང་བས་ཞིང་པ་དགེ་ལེགས་དང་གྲོང་མིའི་དུད་ཚང་གཞན་འགའ “འགན་གཙང་ལེན་མཁན ”ཨང་དང་པོར་གྱུར་པ་རེད། ལོ་གཅིག་ཁོ་ནའི་ནང་ཁོང་ཚོས་འགན་གཙང་བླངས་པའི་ས་ཞིང་མུའུ་45ནས་འབྲུ་རིགས་སྤྱི་རྒྱ་19125ཐོན་འབབ་བྱུང་སྟེ་འཚོ་བར་དགའ་བ་སྐྱེ་འོས་པའི་འགྱུར་ལྡོག་བྱུང་ཡོད། ད་ཆ་དྲན་གསོ་བྱེད་སྐབས་དགེ་ལེགས་ཀྱིས “སྐབས་དེ་དུས་ཏང་དང་སྲིད་གཞུང་གིས་ཞིང་པར་ས་ཞིང་འགན་གཙང་ལེན་རྒྱུའི་ལྕག་སྐུལ་བྱས་ནས་གཟིགས་སྐྱོང་སྲིད་ཇུས་མང་པོ་བཏོན་པས་སྲིད་ཇུས་དེ་དག་ལ་བརྟེན་ནས་ང་ཚོ་སྔོན་ལ་ཕྱུག་པོ་ཆགས་པ་རེད ”ཅེས་སེམས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་བཞིན་དུ་བརྗོད་པ་རེད།

        སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་བསྟུད་མར་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་ཡིག་ཆ་རབ་དང་རིམ་པ་བཀྲམས་པ་དང་འབྲུ་རིགས་ཀྱི་ཐད་གསབ་དང་། ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཐད་གསབ། སོན་བཟང་གི་ཐད་གསབ། ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སོགས་ལམ་ཚད་རྡོ་རིང་དང་དུས་རབས་ལས་བརྒལ་བའི་དོན་སྙིང་ལྡན་པའི་ཞིང་སྐྱོར་ཞིང་ཕན་གྱི་སྲིད་ཇུས་རབ་དང་རིམ་པ་བཏོན་ཏེ་བརྡ་རྟགས་སྔར་བས་ཁ་གསལ་དང་། ཐད་ཀ ནུས་པ་དང་ལྡན་པ་བཅས་ཡོད་པ་རེད། སྲིད་ཇུས་དེ་དག་བཟོས་པ་དང་ལག་བསྟར་བྱས་པ་དེས་ཞིང་འབྲོག་མང་ཚོགས་ཚོའི་ཐོན་སྐྱེད་ཧུར་སེམས་སྔར་བས་སྐོང་འཐེན་བྱུང་བ་དང་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་བྱུང་སྟེ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད།

        ཚན་རྩལ་ས་བོན་གངས་ལྗོངས་ས་གཞིར་བཏབ་པ་སྟེ། ཞིང་འབྲོག་ལས་ཚན་རྩལ་འཕེལ་རྒྱས་མགྱོགས་སུ་སོང་བ་དང་ཞིང་འབྲོག་པའི་ཚན་རྩལ་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ།

        ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ཀྱི་95%ཡི་ཐོན་སྐྱེད་རྒྱུ་ཆ་དེ་མངའ་བདག་ཆེན་པོ་གསུམ་གྱིས་བཟུང་བ་དང་། ཞིང་འབྲོག་ཐོན་སྐྱེད་ཐད་ལག་པས་ས་བོན་འདེབས་པ་དང་རྐང་པས་གཡུལ་གཅོག་རྒྱུར་གཙོ་བོ་བརྟེན་དགོས་ཤིང་། ཐོན་སྐྱེད་ནུས་ཤུགས་ཀྱི་ཆུ་ཚད་ནི་ཧ་ཅང་རྗེས་ལུས་ཡིན་པ་དང་ཞིང་འབྲོག་ལས་ཀྱི་འཕེལ་རྒྱས་ཧ་ཅང་དལ་པོ་རེད། དཔྱད་ཡིག་ཏུ་བཀོད་པར་གཞིགས་ན། 1951ལོར་རང་ལྗོངས་ཀྱི་འབྲུ་རིགས་ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་79ཙམ་ཡིན། དུས་རབས་གོང་མའི་ལོ་རབས་60པ་ནས་བཟུང་བོད་ལྗོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་ནང་སའི་བོད་སྐྱོར་ཚན་རྩལ་ལས་དོན་པ་འབོར་ཆེན་བསུས་པ་དང་། ཁོང་ཚོས་ནང་སའི་སྔོན་ཐོན་གྱི་ཞིང་ལས་ལག་རྩལ་ས་མཐོར་ཁྱེར་ཡོང་ནས་ཞིང་འབྲོག་མང་ཚོགས་ཁྲོད་ཁྱབ་སྤེལ་བཏང་བ་རེད། དེ་ནས་བཟུང་བོད་ལྗོངས་ཀྱི་འབྲུ་རིགས་ཐོན་ཚད་ལོ་རེ་བཞིན་མཐོ་རུ་སོང་བ་རེད།

        ལྷག་དོན་དུ་དུས་རབས་གོང་མའི་ལོ་རབས་90པའི་རྗེས་ནས་བཟུང་རང་ལྗོངས་ཀྱི་ཞིང་འབྲོག་ལས་ཐད་སོན་བཟང་ཁྱབ་གདལ་དང་བེད་སྤྱོད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གསོ་སྤེལ་ལས་རིགས་ཀྱི་སོན་བཟང་འདུ་འགོད་དང་། ཞིང་འཕྲུལ་ཅན་གྱི་འདུ་འགོད། ས་གཤིན་འདུ་འགོད། ཤ་རིགས་འདུ་འགོད། འོ་རྫས་འདུ་འགོད། ས་དཔྱད་ལུད་སྦྱོར་འདུ་འགོད་སོགས་ཞིང་འབྲོག་ལས་ཀྱི་ཚན་རྩལ་རྣམ་གྲངས་ལག་བསྟར་མངོན་གསལ་བྱས་པ་དང་། དངོས་སྤྱོད་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་དེ་གཏིང་ཟབ་ནས་རྒྱ་ཁྱབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཀྱིས་སྔོན་ཐོན་གྱི་ཞིང་འབྲོག་ལས་ཚན་རྩལ་གྲུབ་འབྲས་ཁག་གཅིག་ཐོན་སྐྱེད་ཁྲོད་བེད་སྤྱོད་པ་དང་། ཐོན་མཐོའི་འཛུགས་སྐྱོང་དང་ས་དཔྱད་ལུད་སྦྱོར་སོགས་ཚན་རྩལ་ཁྱབ་གདལ་གཏོང་སྟངས་གསར་པ་རྒྱ་ཁྱབ་ངང་ཁྱབ་སྤེལ་གཏོང་བ་དང་ལག་རྩལ་བྱ་ཐབས་ཁག་གི་མཐུན་སྦྱོར་ཟུང་འབྲེལ་དང་ཕྱོགས་བསྡུས་ལེ་ལག་ཚང་བའི་བེད་སྤྱོད་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་བཏང་ཡོད། “དེ་དག་གྲངས་ཀ་ལས་ར་སྤྲོད་བྱེད་ཆོག་པ་སྟེ། 2010ལོར་སླེབས་སྐབས་བོད་ལྗོངས་ཀྱི་ཞིང་འབྲོག་ལས་ཚན་རྩལ་གྱིས་ལེགས་སྐྱེས་འབུལ་ཚད་40%ལོན་པ་རེད། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་སྤྱི་གནོད་མེད་པའི་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་ལག་རྩལ་ས་གནས་ཀྱི་ཚད་གཞི་11བཟོས་པ་དང་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་17ཁས་ལེན་བྱས་པ། སྤྱི་གནོད་མེད་པ་དང་། ལྷད་མེད། སྐྱེ་ལྡན་བཅས་ཀྱི་བཟའ་བཅའ་ཁག་128ལ་ཁས་ལེན་བྱས་པ་རེད ”ཅེས་ལིན་མུའུ་ཡིས་བཤད།

        གངས་ལྗོངས་ས་གཞིར་འབྱོར་འབྲིང་སྒོ་མོ་ཕྱེས་པ་སྟེ། ཞིང་འབྲོག་པའི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བ་དང་འཚོ་བའི་ཆུ་ཚད་ལེགས་བཅོས་མངོན་གསལ་བྱུང་བ།

        ཞི་བས་བཅིངས་འགྲོལ་བཏང་ཚུན་རང་རེའི་ཏང་གིས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་ཐོག་མཐའ་བར་གསུམ་དུ་འབད་བརྩོན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། ལྷག་དོན་དུ་དུས་རབས་གསར་པར་སླེབས་ཚུན་ཏང་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ “ཞིང་གསུམ ”ལས་དོན་དེ་གནས་བབ་སྔར་བས་མངོན་གསལ་དུ་བཞག་སྟེ་ཞིང་འབྲོག་པའི་ཡོང་འབབ་འཕར་བ་དང་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དེ་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་གྱི་ལས་དོན་གྱི་རྩ་བའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ཏེ་འཆར་གཞི་ཐམས་ཅད་འབབ་འཕར་ལ་གཞིགས་ཏེ་བཟོ་བ་དང་ལས་དོན་ཐམས་ཅད་འབབ་འཕར་ལ་གཞིགས་ཏེ་སྤེལ་ཞིང་། “སྲིད་ཇུས་ལ་བརྟེན་ནས་འབབ་འཕར ”དང་། “གཏོང་ཆར་བརྟེན་ནས་འབབ་འཕར ”“ཐོན་ལས་ལ་བརྟེན་ནས་འབབ་འཕར ”“ལས་སྒྱུར་ལ་བརྟེན་ནས་འབབ་འཕར ”“སྒྱུར་བཅོས་ལ་བརྟེན་ནས་འབབ་འཕར ”སོགས་བྱ་ཐབས་མང་པོ་སྤྱད་དེ་ཞིང་འབྲོག་པའི་ཡོང་འབབ་ནུས་ལྡན་ངང་མང་དུ་བཏང་བས་སྣ་མང་ཅན་གྱི་ཞིང་འབྲོག་པའི་འབབ་འཕར་གྱི་རྣམ་པ་གསར་པ་ཞིག་རགས་ཙམ་ཆགས་པ་རེད།

        2002ལོ་ནས་བཟུང་བོད་ལྗོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་ལོ་8བསྟུད་མར་གྲངས་གནས་གཉིས་འཕར་བ་དང་2010ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་4000གི་འགག་སྒོ་ཆེན་པོ་ལས་བརྒལ་བ་རེད། ཞིང་འབྲོག་པའི་ཡོང་འབབ་ཆེས་ཆེར་འཕར་བའི་རྐྱེན་གྱིས་ཞིང་འབྲོག་པའི་འཚོ་བའི་ཆུ་ཚད་དང་འཚོ་བའི་སྤུས་ཚད་ལ་ལེགས་བཅོས་ཆེན་པོ་བྱུང་བ་དང་། བཪྙན་འཕྲིན་དང་། སྒྲ་བསྡུ་འཕྲུལ་འཁོར། གོས་འཁྲུད་འཕྲུལ་འཁོར། པར་ཆས། ཁ་པར་སོགས་དེང་རབས་ཀྱི་ཁྱིམ་སྤྱོད་གློག་ཆས་རྒྱ་ཆེའི་ཞིང་འབྲོག་ཁྱིམ་ཚང་དུ་ཁྱབ་གདལ་ཡོང་འགོ་ཚུགས་པ་རེད། ལྷག་དོན་དུ་ཀྲུང་དབྱང་གིས་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་བྱས་ཚུན་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངལ་ནུས་ཕྱིར་གཏོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བའི་ཕན་ཡོད་གོ་སྐབས་ལ་དམ་འཛིན་གྱིས་བྱ་ཐབས་ནུས་ལྡན་སྤྱད་པ་དང་། ངལ་ནུས་ཕྱིར་གཏོང་སྒྲིག་འཛུགས་བྱེད་ཚད་ལེགས་སུ་བཏང་བ། གཞི་རྩའི་འཛུགས་སྐྲུན་ཐད་ ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་འཕྲོ་བསྡུ་ལེན་བྱེད་ནུས་ཆེ་རུ་བཏང་ནས་ངལ་ནུས་ཕྱིར་གཏོང་གི་ལས་དོན་དེ་སྲིད་གཞུང་གིས་སྒྲིག་འཛུགས་བྱེད་པ་ནས་ཁྲོམ་རའི་འཁོར་སྐྱོད་དང་སྲིད་འཛིན་གྱི་སྐུལ་སྤེལ་མཉམ་སྤྱོད་བར་བསྒྱུར་འགོ་ཚུགས་པ་དང་། ཐད་ཀར་ཕྱིར་གཏོང་དེ་སྔོན་ལ་གསོ་སྦྱོང་དང་རྗེས་སུ་ཕྱིར་གཏོང་ལ་བསྒྱུར་བའི་རྣམ་པ་གསར་པ་ཞིག་མངོན་པ་རེད།

        སྦྲང་ཆར་ཟིལ་མས་ས་མཐོ་བརླན་པར་བྱས། ལོ་60ཡི་རིང་ས་མཐོའི་ས་གཞིར་ལོ་ངོ་སྟོང་ཕྲག་གི་མཆོང་སྐྱོད་བྱུང་བའི་མི་ཡུལ་གྱི་ངོ་མཚར་བཏོད་ཡོད། ད་ཆར་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རེ་བའི་ཁེངས་པའི་ཞིང་སའི་ཐོག་མདུན་སྐྱོད་མུ་མཐུད་བྱས་ནས་རང་ཉིད་ཀྱི་བདེ་སྐྱིད་འཚོ་བ་སྐྲུན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།