ཟླ་8ཚེས་2ཉིན་ཁྱིམ་སྤྱོད་གློག་ཆས་གསར་ཪྙིང་བརྗེ་བའི་ལས་དོན་བོད་དུ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་ཤིང་། ཟླ་8ཚེས་2ཉིན་ནས་བཟུང་འདི་ལོའི་ཟླ་12ཚེས་31ཉིན་བར་ཁྱིམ་སྤྱོད་གློག་ཆས་ཪྙིང་པ་སྐྱེལ་འཚོང་བྱེད་པ་དང་སྦྲགས་ཁྱིམ་སྤྱོད་གློག་ཆས་གསར་པ་ཉོ་མཁན་གྱི་འཛད་སྤྱོད་པར་ཁྱིམ་ཆས་གློག་ཆས་གསར་པའི་རིན་གོང་གི་10%ཡི་ནོར་སྲིད་ཁ་གསབ་ཐོབ་རྒྱུ་ཡིན་པ་རེད། འདི་ནི་ཟླ་8ཚེས་2ཉིན་འཛད་སྤྱོད་པ་གཉིས་ཀྱིས་ལྷ་ས་གྲོང་ཁྱེར་ལན་ཙེ་གློག་ཆས་ཚོང་ཁང་དུ་ཁྱིམ་སྤྱོད་གློག་ཆས་ལ་རྒྱུས་ལོན་བྱེད་པའི་གནས་ཚུལ་ཡིན་པ།
མི་དམངས་ཉིན་རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་8ཚེས་2ཉིན་གྱི་སྔ་དྲོ་བོད་རང་སྐྱོང་ལྗོངས་ཀྱི་ཁྱིམ་སྤྱོད་གློག་ཆས “གསར་ཪྙིང་བརྗེ་བའི ”ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། རང་སྐྱོང་ལྗོངས་ཚོང་དོན་ཐིང་སོགས་འབྲེལ་ཡོད་སྡེ་ཚན་དང་དེ་བཞིན་ཚན་པའི་འགོ་ཁྲིད་འགོ་འཛུགས་མཛད་སྒོར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད། བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་མཱ་ཤང་ཚུན་གྱིས་ཁྱིམ་སྤྱོད་གློག་ཆས “གསར་ཪྙིང་བརྗེ་བའི ”སྲིད་ཇུས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་གནང་ནས་ལག་བསྟར་བྱས་པའི་རྒྱལ་ཁབ་ལ་ཕན་པ་དང་། དམངས་ལ་ཕན་པ། ཁེ་ལས་ལ་ཕན་པ་བཅས་ཀྱི་སྲིད་ཇུས་ཡག་པོ་ཞིག་རེད། 2009ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་ཐེངས་91ཐོག་ཁྱིམ་སྤྱོད་གློག་ཆས “གསར་ཪྙིང་བརྗེ་བའི ”ལས་ཀའི་ཁྱབ་ཁོངས་ཆེར་གཏོང་གིས་བོད་འདི་ལག་བསྟར་ཞིང་ཆེན་གྱི་གྲས་ཤིག་ཏུ་འཇོག་རྒྱུའི་གཏན་འབེབས་བྱས་པ་རེད། 2011ལོའི་ཟླ་4ཚེས་22ཉིན་ཚོང་དོན་པུའུ་དང་། ནོར་སྲིད་པུའུ། ཁོར་ཡུག་སྲུང་སྐྱོང་པུའུ་བཅས་ཀྱིས་བོད་རང་སྐྱོང་ལྗོངས་སུ་ཁྱིམ་སྤྱོད་གློག་ཆས “གསར་ཪྙིང་བརྗེ་བའི ”ལས་དོན་དངོས་སུ་སྤེལ་འགོ་འཛུགས་རྒྱུའི་མཆན་འགོད་མོས་མཐུན་བྱས་ཡོད་ཅེས་བརྗོད་པ་རེད།
མཱ་ཤང་ཚུན་གྱིས་ཁྱིམ་སྤྱོད་གློག་ཆས “གསར་ཪྙིང་བརྗེ་བ ”དེ་ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་སྤྱོད་འཛིན་ཆས་གཤམ་གཏོང་དང “གྲོང་ཁྲི་ཤང་སྟོང་གི་ཁྲོམ་རའི་འདུ་འགོད ”སྲིད་ཇུས་ལག་བསྟར་བྱས་རྗེས་ཀྱི་བོད་དུ་ལག་བསྟར་བྱས་པའི་དམངས་ཕན་འདུ་འགོད་གཞན་ཞིག་ཡིན་པ་རེད། ཁྱིམ་སྤྱོད་གློག་ཆས “གསར་ཪྙིང་བརྗེ་བ ”ལག་བསྟར་བྱས་པ་དེས་སྔར་བས་ཡུལ་མིའི་འཛད་སྤྱོད་ལ་སྐུལ་ཁྲིད་ཐུབ་པ་དང་། འཛད་སྤྱོད་སྤུས་ཚད་མཐོར་གཏོང་། ཡུལ་མིའི་འཚོ་བ་ལེགས་བཅོས་བཅས་ཐུབ་རྒྱུ་མ་ཟད། ཁོར་ཡུག་སྦགས་བཙོག་ཉུང་དུ་བཏང་ནས་འཁོར་སྐྱོད་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུའི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་བཤད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྱིམ་སྤྱོད་གློག་ཆས “གསར་ཪྙིང་བརྗེ་བའི ”ནོར་སྲིད་ཁ་གསབ་ལ་ཚད་གཞི་བཟོས་ཡོད་པ་སྟེ། བཪྙན་འཕྲིན་འཕྲུལ་འཁོར་རེར་སྒོར་400དང་། འཁྱགས་སྒམ (འཁྱགས་སྒྲོམ་ཚུད )རེར་སྒོར་300 གོས་འཁྲུ་འཕྲུལ་འཁོར་རེར་སྒོར་250 མཁའ་རླུང་སྙོམས་སྒྲིག་འཕྲུལ་འཁོར་རེར་སྒོར་350 གློག་ཀླད་རེར་སྒོར་400བཅས་ཡིན་པ་རེད། འཛད་སྤྱོད་པར་ཁ་གསབ་ཐོབ་པའི་བརྒྱུད་རིམ་གཙོ་བོ་ནི་ཁྱིམ་སྤྱོད་གློག་ཆས་ཪྙིང་པ་འབུལ་འཚོང་དང་། ཁྱིམ་སྤྱོད་གློག་ཆས་གསར་པ་ཉོ་བ། ནོར་སྲིད་ཀྱི་ཁ་གསབ་མ་དངུལ་རེ་ཞུ་སོགས་བཀོལ་སྤྱོད་ལྷུ་ཚིགས་གསུམ་ཡིན་པ་རེད། འཛད་སྤྱོད་པས་སྔོན་ལ་འཚོང་བ་དང་རྗེས་ལ་ཚུར་བསྡུ་དང་། སྔོན་ལ་ཚུར་བསྡུ་དང་རྗེས་ལ་འཚོང་བ། ཉོ་མཁན་གྱིས་ཪྙིང་སྤྲོད་གསར་ལེན་བཅས་ཀྱི་བྱ་ཐབས་གསུམ་གྱི་ཐོག་ནས་ཉོ་ཚོང་ལེགས་གྲུབ་ཡོང་བ་བྱ་རྒྱུ་རེད།