དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཁྱིམ་ཚང་མང་པོར་དཔྱིད་ཀྱི་དྲོ་སྐྱིད་ཚོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ལོ་དྲུག་ཅུའི་རིང་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། རིག་གནས་གྲ་རྒྱས། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆབ་སྲིད་དར་ཞིང་འབངས་རྣམས་བདེ་ལ་འཁོད་པ་བཅས་ཀྱི་རྣམ་པ་ཐོན་ཡོད། མིག་སྔར་རང་ལྗོངས་འདི་ཉིད་ལོ་རྒྱུས་ཐོག་གི་འཕེལ་རྒྱས་ཀྱི་དུས་སྐབས་བཟང་ཤོས་ཐོག་གནས་ཤིང་། བཅར་འདྲི་བྱེད་སྐབས་རྒྱ་ཆེའི་གྲོང་མི་རྣམས་ཀྱིས་མ་གྲོས་གཅིག་མཐུན་ངང “ལོ་དྲུག་ཅུའི་ནང་ང་ཚོའི་ཟས་གོས་སྡོད་བསྐྱོད་བཞིའི་ཐད་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད ”ཅེས་བརྗོད་ཀྱི་འདུག

        གོས། གོས་ཀྱིས་ལུས་མི་ཁེབས་པ་ནས་སྒམ་ནང་གོས་རྡག་རྡག་ཡོད་པའི་བར།

        བོད་ཪྙིང་པར་སྐུ་དྲག་ཕུད་ལྷ་ས་བར་སྤྱིར་ན་ངོ་དྲགས་པའི་གྱོན་ཆས་གྱོན་རྒྱུ་མེད་ལ་ཧྲལ་ཧྲུལ་གྱི་ཕྱུ་པ་དེ་གྱོན་ཆས་ཡིན་ལ་མལ་ཆས་ཀྱང་ཡིན་པ་མ་ཟད། རྐང་རྗེན་མར་འགྲོ་མཁན་དེ་བས་མང་པོ་ཡོད། འོན་ཀྱང་ད་ཆ་ལྷ་སའི་གྲོང་མི་རྣམས་ཀྱིས་གྱོན་ཆས་ལ་དང་དོད་ཆེན་པོ་བྱེད་ལ་བཟོ་ལྟ་འདྲ་མིན་སྣ་ཚོགས་ཀྱིས་རང་ཉིད་ལ་མཛེས་རྒྱན་སྤྲོས་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་བདུན་ཅུ་བརྒྱད་ཅུར་སྤྱོད་ཤན་ཆེ་བའི “ལུའོ་ཏུང་པུའུ ”ཡི་གྱོན་ཆས་གོན་ལ་ཕྱིས་སུ “ཏི་ཆུའེ་ལེང ”དང “ཁ་ཆེ་པུ ”སོགས་ཀྱི་གྱོན་ཆས་གོན་མཁན་མང་དུ་ཕྱིན་ཡོད། དཔལ་འབྱོར་འཕེལ་རྒྱས་ཕྱིན་པར་བརྟེན་དེ་སྔའི་རས་དང་བཟོ་ལྟ་རྐྱང་པའི་གྱོན་གོས་རྣམས་རིག་རྒྱུ་མེད་པར་ད་ཆ་མི་རྣམས་ཀྱིས་བཟོ་ལྟ་དཔེ་གསར་དང་། དར་བཟོ་ཆེ་བ། དེང་རབས་ཀྱི་རྣམ་པ་ལྡན་པ་སོགས་ཀྱི་གྱོན་གོས་གྲོང་མིའི་ཁྲོད་དར་ཁྱབ་ཆེན་པོ་བྱུང་ཡོད། བོད་ཆས་ཁོ་ན་ཡང་དེ་སྔའི་ཁ་དོག་དཀར་ནག་ནས་ད་ལྟ་ཚོས་གཞི་འདྲ་མིན་དང་གོང་ཚད་ཀྱང་སྒོར་ཁྲི་གཅིག་དང་ཁྲི་བཅུ་གྲངས་ཁ་ཤས་བར་བྱེད་ཀྱི་ཡོད།

        ཟས། ཟས་ཀྱིས་གྲོད་པ་མི་རྒྱགས་པ་ནས་འཚོ་བཅུད་ལྡན་པའི་བར།

        ལོ་ངོ་དྲུག་ཅུའི་སྔོན་དུ་ལྷ་སའི་གྲོང་མིར་རྩམ་པ་ཟ་རྒྱུ་བྱུང་ན་བདེ་སྐྱིད་ཅིག་ཏུ་བརྩི་བ་དང་གལ་ཏེ་ལ་ཕུག་དང་། པད་ཚལ། ཞོག་ཁོག་བཅས་ཟ་རྒྱུ་བྱུང་ན་ལྷ་ཡུལ་གྱི་འཚོ་བར་བརྩི་གི་ཡོད། ད་ཆ་རྩམ་པ་དང་། ལ་ཕུག པད་ཚལ། ཞོག་ཁོག་བཅས་ལ་ལྷ་ས་བས་སྣང་འཇོག་དེ་ཙམ་མི་བྱེད་ཅིང་། གྲོང་མི་རྣམས་ཀྱིས་ད་ཆ་དེ་སྔ་ཐོས་མ་མྱོང་བའི་ཐེ་གོའི་འབྲས་དང་ཧན་གོའི་མོག་མོག་དེ་བཞིན་ནང་སའི་ཚལ་སོས་པ་དང་སྡིག་སྲིན་སོགས་ཚང་མ་སྤྱོད་ཀྱི་ཡོད།

        སྡོད། ཕྱུགས་ཁྱུའི་དཔུང་ནས་སྒོ་ར་ཆེན་པོའི་བར།

        ད་ཆ་མུ་ཏིག་ཕྲེང་ལ་བརྒྱུད་པའི་བོད་བཟོའི་སྡོད་ཁང་གང་སར་མཐོང་རྒྱུ་ཡོད་ཅིང་། སྡོད་ཁང་གསར་པ་དེ་དག་ནི་རང་ལྗོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭའི་འབྲས་བུ་ཡིན་ལ་རང་ལྗོངས་ཀྱི་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ཁྲོད་ནས་ཕན་པ་ཐོབ་པའི་བསྡུས་རིས་ཤིག་ཡིན།

        གསར་འགོད་པ་ཆུ་ཤུར་རྫོང་ཚྭ་རགས་ཤང་གི་སྒྲོལ་དཀར་ཁྱིམ་དུ་བསྐྱོད་སྐབས་ཁོང་ཁྱིམ་གྱི་སྒོ་རའི་ནང་བསྡུ་གསོག་གཙང་མ་བརྒྱབ་ཡོད་པ་དང་ཚོམས་ཆེན་དང་ཉལ་ཁང་གི་སྒེའུ་ཁུང་ཚང་མ་ནི་ཤེལ་སྒོ་ཆེན་པོའི་ཁྲ་མ་ཡིན་པ་མ་ཟད། ཁྱིམ་ནང་པང་གཅལ་བཏིང་ཁར་ད་དུང་ཆ་ཚང་བའི་ཁྱིམ་སྤྱོད་གློག་ཆས་ཀྱང་ཡོད་པས་གྲོང་ཁྱེར་ནང་གི་སྡོད་ཁང་ལས་ཡག་པ་འདུག དེ་ནི་ཉིན་ཤས་གོང་གསར་འགོད་པས་ཆུ་ཤུར་རྫོང་ཚྭ་རགས་ཤང་དུ་བཅར་འདྲི་བྱེད་སྐབས་མཐོང་བའི་རྣམ་པ་ཞིག་ཡིན།

        བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་དོན། 1950ལོའི་བོད་ཀྱི་90%མི་འབོར་ལ་རང་ཉིད་ལ་དབང་བའི་སྡོད་ཁང་མེད་པས་ཞིང་འབྲོག་མང་ཚོགས་ཀྱི་སྡོད་གནས་ཆ་རྐྱེན་ཧ་ཅང་ཞན་པོ་ཡོད་པ་དང་ལྷ་སའི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་གི་རྒྱ་ཁྱོན་དེ་སྨི་གྲུ་བཞི་མ་3ཡང་ཟིན་གྱི་མེད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚང་མར་སྡོད་ཁང་ཡོད་པ་མ་ཟད། ལྷག་པར་དུ “ལོ་ལྔ་ཚན་བཅུ་གཅིག་པར ”བདེ་སྡོད་ལས་གྲྭ་ལག་བསྟར་བྱས་ཚུན་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་ཡོད། ལྷ་ས་གྲོང་ཁྱེར་ཁོ་ནར་དཔེ་བཞག་ན། ལྷ་ས་གྲོང་ཁྱེར་གྱིས་རང་སྐྱོང་ལྗོངས་ཀྱིས་སྤྲད་པའི “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་གྱི་ལས་འགན་ལོ་གཉིས་ཀྱི་སྔ་སྣུར་དུ་ལེགས་གྲུབ་བྱུང་སྟེ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་མ་འཇོག་སྒོར་དུང་ཕྱུར་16.5གཏོང་རྒྱུ་ལེགས་གྲུབ་བྱུང་བ་དང་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་15.68བདེ་འཇགས་དང་སྤྱོད་གོ་ཆོད་པའི་སྡོད་ཁང་ནང་སྤོ་རྒྱུ་བྱུང་ལ་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་སྡོད་ཁང་གི་རྒྱ་ཁྱོན་དེ་སྔོན་གྱི་སྨི་གྲུ་བཞི་མ་3ཡང་མ་ཟིན་པ་ནས་ད་ཆའི་སྨི་གྲུ་བཞི་མ་33བར་འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཁྲི་14དྭངས་གཙང་གི་རང་འབབ་ཀ་ལའི་ཆུ་འཐུང་རྒྱུ་བྱུང་བ་དང་། ཞིང་འབྲོག་མང་ཚོགས་ཁྲི་6ལྷག་ཙམ་གྱི་གློག་སྤྱོད་གནད་དོན་ཐག་གཅོད་བྱུང་བ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་4352གསར་དུ་བསྐྲུན་པ། སྒྲིག་གཞི་ཚང་བའི་གྲོང་ཚོ་241ལ་ཁ་པར་ཤར་གཏོང་ཐུབ་པ། སྲིད་འཛིན་གྲོང་ཚོ་241ལ་སྦྲག་སྲིད་ཤར་གཏོང་ཐུབ་པ། ཞིང་འབྲོག་མང་ཚོགས་དུད་ཚང་10981ལ་གམ་གཙང་གི་རྫབ་རླངས་སྤྱོད་རྒྱུ་བྱུང་བ་བཅས་རེད།

        བསྐྱོད། ལམ་མེད་པ་ནས་ལངས་གཟུགས་འགྲིམ་འགྲུལ་གྱི་དྲ་བའི་བར།

        ལོ་60ནང་ལྷ་སའི་གྲོང་ཁྱེར་ཅན་འཕེལ་རྒྱས་ཧ་ཅང་འགྲོ་མགྱོགས་ཤིང་། ད་ཆ་ལྷ་ས་གྲོང་ཁྱེར་དུ་སྟབས་བདེ་བའི་གྲོང་ཁྱེར་གཞུང་ལམ་འགྲིམ་འགྲུལ་དྲ་བ་བསྐྲུན་ཟིན་ཏེ་དེང་རབས་ཅན་གྱི་འགྲིམ་འགྲུལ་མ་ལག་སྤྱིའི་ཆ་ནས་ཆགས་ཡོད། མིག་སྔར་གྲོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་54ཟིན་པ་དེ་ལོ་50གོང་གི་ལྡབ་18ཡིན་པ་དང་། གྲོང་ཁྱེར་གྱི་སྤྱིའི་རིང་ཚད་སྤྱི་ལེ་300ལྷག་ཙམ་ཡོད་པ། ཆ་སྙོམས་མི་33ལ་རླངས་འཁོར་གཅིག་ཡོད་པས་རྒྱལ་ཡོངས་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་5ཡིས་མང་བ་ཡོད་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།