བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་རང་སྐྱོང་ལྗོངས་ཀྱི་འཕྲིན་གཏོང་བྱ་གཞག་བྱ་འཕུར་བ་ལྟ་བུའི་འཕེལ་རྒྱས་བྱུང་ཡོད། 2010ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི་201.5ཟིན་པ་དང་། ཁ་པར་ཁེབས་ཚད་མི་བརྒྱ་རེར་ཁ་པར་70ཟིན་པ། དྲ་སྦྲེལ་སྤྱོད་མཁན་དུད་ཚང་ཁྲི་120ཟིན་ཡོད་ཅིང་། འདི་ནི་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་གི་གྲོང་མིས་རང་གི་སྡོད་ཁང་གསར་པའི་ནང་ནས་ནང་སར་སློབ་སྦྱོང་བྱེད་བཞིན་པའི་བུ་ལ་ཁ་པར་རྒྱག་བཞིན་པའི་གནས་ཚུལ་ཡིན་པ།
སྔ་མོའི་ལག་སྐོར་ཁ་པར་ནས་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་ཀྱི་གོ་བསྒྲིགས་ཁ་པར་དང་སྒུལ་བདེ་འཕྲིན་གཏོང་བར་དང་། ཏར་འཕྲིན་དང་ཁ་པར་གྱི་སྒྲ་འཕྲིན་ཞབས་ཞུ་ནས་མིག་སྔའི་ལག་རྩལ་སྔོན་ཐོན་དང་། ནང་དོན་ཕུན་སུམ་ཚོགས་པ། གདམ་ག་མང་བ་བཅས་ཀྱི་3Gཞབས་ཞུའི་བར་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60 རིང་བོད་ཀྱི་གློག་འཕྲིན་བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་སོང་སྟེ་དེ་སྔའི “གྲངས་གཞི་མེད་པའི ”སྣང་ཚུལ་ལ་འགྱུར་ལྡོག་སོང་ནས་ད་ཆ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཚོ་ཕྱི་འགྲོ་བྱེད་དགོས་མེད་པར་འཛམ་གླིང་གི་བྱ་བ་མཐའ་དག་ཤེས་ཐུབ།
ལྷ་སའི་བོད་རིགས་གཞོན་ནུ་རྒྱལ་མཚན་གྱིས་ཉེ་ཆར་ཁང་གསར་མཛེས་བཟོ་བྱེད་སྐབས་ཁོང་གི་ཁང་པའི་ནང་གི་ཁྱིམ་ཆས་ཆེ་ས་ནས་ཧྲ་ཧྥ་དང་ཇ་ཅོག་དང་ཆུང་ས་ནས་ས་གདན་དང་གསོལ་ཆས་ཚང་མ་དྲ་ཐོག་ནས་ཉོས་པ་ཡིན་ཞེས་བཤད་ནས་རྒྱལ་མཚན་གྱིས་ཧྲ་ཧྥ་ལ་མཛུབ་མོ་བཙུགས་ནས་ཧྲ་ཧྥ་དེར་སྒོར་3000སྤྲད་པ་ཡིན། ལྷ་ས་ནས་འདི་དང་འདྲ་བའི་ཧྲ་ཧྥ་ལ་ཕལ་ཆེར་སྒོར་ལྔ་སྟོང་ནས་དྲུག་སྟོང་ཙམ་དགོས་ཀྱི་འདུག་ཅེས་བཤད། ད་ཆ་ལྷ་སར་དྲ་ཐོག་ནས་ཉོ་བ་ནི་ལོ་རབས་བརྒྱད་ཅུ་པ་དང་དགུ་བཅུ་པའི་མཇུག་གི་གཞོན་ནུ་ཚོའི་དར་སོ་ཞིག་ཏུ་གྱུར་ཡོད་ཅིང་། ཉིན་ལྟར་བྱི་རྟགས་མནན་ཙམ་བྱས་པ་ཡིན་ན་ཕྱི་འགྲོ་བྱེད་དགོས་མེད་པར་རང་ལ་དགོས་པའི་ཅ་དངོས་ཉོ་ཆོག་གི་ཡོད་པ་རེད། བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། 2010ལོའི་ལོ་མཇུག་བར་བོད་དུ་མཉམ་སྦྲེལ་དྲ་བ་སྤྱོད་མཁན་ཐེམ་དུད་ཁྲི་120ཟིན་ཡོད་པ་རེད། མིག་སྔར་བོད་དུ་དྲ་སྦྲེལ་ཁྱབ་གདལ་སོང་ཚད་དེ་ནུབ་རྒྱུད་ས་ཁུལ་ཡོངས་ཀྱི་ཆ་སྙོམས་གྲངས་ཚད་ལས་ཅུང་མཐོ་ཙམ་ཡོད་པ་རེད།
སྒུལ་བདེའི་ཁ་པར་སྤྱད་ནས་ཐག་རིང་གཉེན་དང་འབྲེལ་བ་བྱེད།
ད་ཆ་བོད་དུ་གདན་འཇོག་ཁ་པར་ཁྱབ་གདལ་སོང་ཚད་མི་བརྒྱ་རེར་ཁ་པར་བདུན་ཅུ་ཟིན་གྱི་ཡོད་པ་དང “ས་མཐོའི་ཁེར་ཆགས་གླིང ”ཞེས་འབོད་པའི་མེ་ཏོག་དང “འཛམ་གླིང་ཡང་རྩེའི་ཡང་རྩེ ”ཞེས་འབོད་པའི་མངའ་རིས་ས་ཁུལ་གྱི་མི་ཚོ་ལ་ཡང་ཁ་པར་ཡོད་པའི་བསམ་འདུན་འགྲུབ་ཐུབ་པ་བྱུང་ཡོད།
དུས་རབས་གོང་མའི་ལོ་རབས་90པའི་དུས་དཀྱིལ་ལ་མེ་ཏོག་རྫོང་དུ་གྲོང་ཁུལ་གྱི་གོ་བསྒྲིགས་ཁ་པར་གྱི་བརྗེ་ལེན་སྒྲིག་ཆས་དང་TESསྲུང་སྐར་འཕྲིན་གཏོང་གློག་ལམ་སྙོམས་སྒྲིག་ཚད་ལེན་དང་ཤར་གཏོང་ཐུབ་པ་དེས “ས་མཐོའི་ཁེར་ཆགས་གླིང ”དེར་ཕྱི་ཕྱོགས་དང་འབྲེལ་བ་བྱེད་སའི “གསེར་ཟམ ”ཞིག་བསྐྲུན་པ་རེད། 2003ལོར་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་GSEབརྡ་རྟགས་ཇོ་རིའི་རི་རྩེར་ཐེངས་དང་པོ་ཁྱབ་པ་བྱུང་ཡོད། 2006ལོར་མཚོ་བོད་ལྕགས་ལམ་གྱི་ལམ་རྒྱུད་དུ་སྒུལ་བདེ་འཕྲིན་གཏོང་དྲ་བ་ཁྱབ་ཐུབ་པ་བྱུང་ཡོད། 2009ལོར་ལྷ་ས་དང་ཉིང་ཁྲིར་TD-SCDMAདྲ་བ་བསྐྲུན་པ་དང་སྦྲགས་ཚོང་ལས་ཐད་སྤྱོད་བཞིན་ཡོད་པ་བཅས་རེད། དེང་རབས་ཀྱི་འཕྲིན་གཏོང་དྲ་བ་རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་གང་མགྱོགས་ཁྱབ་ཆེད་ཉེ་བའི་ལོ་ཤས་རིང་བོད་ཀྱིས “ཁ་པར་གྲོང་ཚོ་ཀུན་ཁྱབ ”ཀྱི་འདུ་འགོད་ལ་སྐུལ་འདེད་མགྱོགས་སུ་བཏང་བ་དང་། 2010ལོའི་ཟླ་11ཚེས་2ཉིན་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཡན་ལག་ཀུང་སིས་ཁ་པར་ཤར་གཏོང་མ་ཐུབ་པའི་སྲིད་འཛིན་གྲོང་ཚོ་མཐའ་མ་སྟེ་ཉི་མ་རྫོང་གཡང་ལུང་ཆོས་འཕགས་གྲོང་ཚོའི་སྒུལ་བདེ་ཁ་པར་བདེ་བླགས་ངང་ཤར་གཏོང་ཐུབ་པ་དེས་བོད་ཀྱི་སྲིད་འཛིན་གྲོང་ཚོ་ཀུན་ལ་ཁ་པར་ཤར་གཏོང་ཐུབ་པ་མཚོན་པ་དང་ལོ་ལྔ་ཡི་སྔོན་ལ “ཁ་པར་གྲོང་ཚོ་ཀུན་ཁྱབ ”ཀྱི་ལས་འགན་གྲུབ་ཡོད། མིག་སྔར་བོད་ཀྱི་ཤང་དང་གྲོང་རྡལ་དུ་སྦྲག་སྲིད་དང་འོད་སྐུད (དྲ་ཆེན )ཤར་གཏོང་ཐུབ་ཚད་85.7%དང་88%སོ་སོར་ཟིན་པ་དང་སྲིད་འཛིན་གྲོང་ཚོར་ཁ་པར་ཤར་གཏོང་ཐུབ་ཚད་100%ཟིན་གྱི་ཡོད་པ་རེད།
དྲ་བའི་ཐོག་ནས་ཤེས་བྱ་སློབ་སྦྱོང་བྱེད།
བོད་རིགས་མང་ཚོགས་ཚོས་བོད་ཡིག་གི་ཆ་འཕྲིན་བལྟ་བ་དང་བོད་ཡིག་གི་འཕྲིན་ཐུང་ཕན་ཚུན་བསྐུར་བདེ་བ་སོགས་ཡོང་ཆེད་མིག་སྔར་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིས་བོད་ཡིག་གི་སྐུད་མེད་ལས་སྒོའི་ཆེད་སྤྱོད་ལས་གཉེར་སྟེགས་བུ་ཞིག་གསར་གཏོད་བྱེད་བཞིན་པ་དེ་ལོ་འདིའི་ནང་བེད་སྤྱོད་གཏོང་འགོ་འཛུགས་རྒྱུ་ཡིན་པ་དེས་རང་རྒྱལ་དུ་ལག་ཁྱེར་ཁ་པར་ཐོག་བོད་ཡིག་བཀོལ་སྤྱོད་བྱེད་པའི་ཁྱབ་ཁོངས་ཀྱི་སྟོང་ཆ་མང་དག་ཅིག་བསྐང་རྒྱུ་ཡིན་པ་རེད།
“ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱིས་3Gདྲ་བ་འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་དང་ལྗོངས་ཡོངས་ཀྱི་ཤང་གྲོང་དང་། གཞུང་ལམ་གལ་ཆེན། མཛེས་ལྗོངས་ཁུལ (ས་ཚིགས )བཅས་ཚང་མར་2Gདྲ་བ་ཁྱབ་པ་བྱ་རྒྱུ་དང་། ས་ཁུལ་དང་། གྲོང་ཁྱེར། རྫོང་བཅས་གནས་ཡུལ་གྱི་གྲོང་ཁྱེར་དང་གྲོང་རྡལ་དང་ཆ་རྐྱེན་ཡོད་པའི་ཤང་དང་གྲོང་རྡལ་ཚང་མར་3Gདྲ་བ་ཁྱབ་པ་བྱ་རྒྱུ་ཡིན་པ་བཅས་རེད།