དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷག་པ་རྡོ་རྗེས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ལོ་30ལྷག་ཙམ་གོང་དུ་ལྷག་པ་རྡོ་རྗེ་ནི་ལག་ཏུ་རྟ་ལྕག་ཁུར་བའི་ཕྱུགས་རྫི་བ་ཞིག་ཡིན་པ་དང་ཉིན་ལྟར་ས་སྲོས་མཚམས་ལ་དམངས་གཞས་གཏོང་བཞིན་དུ་ར་ལུག་དེད་ནས་རང་ཁྱིམ་དུ་ལོག་འགྲོ་གི་ཡོད། ཁྱིམ་དུ་བུ་ཕྲུག་མང་བ་མ་ཟད་ཚང་མ་མཉམ་དུ་འཚང་ཁ་བརྒྱབ་ནས་སྡོད་ཀྱི་ཡོད།

        1983ལོར་ལྷག་པ་རྡོ་རྗེ་ཕ་ཡུལ་དང་ཁ་བྲལ་ནས་ལྷ་སའི་འཛུགས་སྐྲུན་ཨར་ལས་རུ་ཁག་ཅིག་ནང་ཞུགས་པ་དང་རང་ཉིད་ཀྱིས་ཧུར་ཐག་བྱས་སྟབས་ཤིང་བཟོ་དང་རྡོ་བཟོ་ཤེས། ལོ་གསུམ་སོང་རྗེས་ཁོང་གིས་ཕ་ཡུལ་སྣ་དཀར་རྩེ་རྫོང་གི་འཛུགས་སྐྲུན་ཨར་ལས་རུ་ཁག་གི་རྡོ་བཟོའི་རུ་དཔོན་བྱས།

        ལྷག་པ་རྡོ་རྗེས “ཇི་ལྟར་བྱས་ཀྱང་གང་ལྟར་གཞན་གྱི་གླ་པ་རེད ”ཅེས་བཤད་པ་དང་གླ་ཆ་ཡག་པོ་ཡོད་རུང་ཨར་ལས་རུ་ཁག་ཏུ་ལས་ཀ་ལོ་ཤས་བྱས་རྗེས་ལྷག་པ་རྡོ་རྗེས་སོ་སོའི་རུ་ཁག་འཛུགས་རྒྱུའི་བསམ་བློ་འཁོར། “ལྷག་པ་རྡོ་རྗེའི་ཨར་ལས་རུ་ཁག་ལ་ལས་མི་བསྡུ་གི་འདུག ”ཅེས་པ་དེ་1999ལོར་ཁ་ལུང་གྲོང་ཚོར་མི་རྣམས་ཀྱི་ཁྲོད་དུ་གྲགས།

        དུས་ཐུང་ཉིན་ཤས་རིང་གྲོང་ཚོའི་ནང་གི་གཞོན་ནུ་20ལྷག་ཙམ་གྱིས་ལྷག་པ་རྡོ་རྗེ་བཙལ་ནས་ཁོང་དང་མཉམ་དུ “ཕྱིའི་འཇིག་རྟེན ”དུ་བསྐྱོད་རྒྱུའི་རེ་བ་བཏོན། གླ་པ་བྱས་མྱོང་མཁན་རེ་བཟུང་ཕུད་དེ་བྱིངས་ཚང་མ་ནི་ཕྱུགས་རྫི་བ་དང་ཞིང་པ་ཡིན་པ་རེད། སྦྱག་མ་བཅུ་ཕྲག་ལྷག་ཙམ་དང་། འདྲུད་འཐེན་འཁོར་ལོ་1 སེམས་ཤུགས་ཀྱིས་ཁེངས་པའི་བོད་རིགས་ཕོ་རྒོད་20ལྷག་ཙམ་བཅས་ལས་གྲུབ་པའི་ལྷག་པ་རྡོ་རྗེའི་ཨར་ལས་རུ་ཁག་འདི་ལྟར་བཙུགས། འཆར་འགོད་ལྟ་བ་དང་། ཐིག་རྒྱག་པ། རྩིག་རྨང་འདིང་བ། ཤིང་བཟོ་བྱེད་པ། རྡོ་བཟོ་བྱེད་པ …… ཁོང་གིས་བཟོ་པ་ཚོར་འདི་ལྟར་སློབ་ཀྱི་ཡོད། ལོ་ཤས་སོང་རྗེས་ཨར་ལས་རུ་ཁག་གི་ལས་གྲྭ་ཇེ་མང་དུ་སོང་། སྡོད་ཁང་ཕུད་ཁོང་ཚོས་ད་དུང་གྲོང་གསེབ་ཀྱི་གཞུང་ལམ་དང་། སྲིད་གཞུང་གི་གཞུང་ལས་ཁང་ཆེན། མགྲོན་ཁང་ལ་སོགས་པ་བརྒྱབ་པ་དང་ལྷོ་ཁ་ནས་ལྷ་ས་བར་དང་མངའ་རིས་ནས་གཞིས་རྩེའི་བར་བཟོ་པ་ཚོས་རྔུལ་ཆུ་འདོན་པ་མ་ཟད་ཡོང་འབབ་ཀྱང་ཡག་པོ་བྱུང་ཡོད། ལོ་ལྟར་ཟླ་བ་བཞི་པ་ནས་བཅུ་པའི་བར་གྱི་ཨར་ལས་དུས་ཚོད་རིང་ཆ་སྙོམས་མི་རེར་ཡོང་འབབ་སྒོར་ཁྲི་གཅིག་ལྷག་ཙམ་ཡོང་གི་ཡོད།

        ཡོང་འབབ་མང་དུ་སོང་བ་དང་གྲོང་ཚོའི་ནང་གི་རྣམ་པར་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ཆ་ཁ་ལུང་གྲོང་ཚོར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བོད་བཟོའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་ཕྲེང་བ་བརྒྱུས་པ་ལྟར་བརྒྱབ་ཡོད།

        ཁ་ལུང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་སྟོབས་རྒྱལ་གྱིས་ལོ་ལྔའི་གོང་དུ་འདི་གའི་མི་ཚང་མའི་ཁང་པ་ཐབས་ཆག་ཡིན་པ་དང་2006ལོ་ནས་བཟུང་ཞིང་འབྲོག་མང་ཚོགས་ཚོར་རྒྱལ་ཁབ་ཀྱི་བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་གྱི་རོགས་དངུལ་ལོངས་སུ་སྤྱོད་རྒྱུ་བྱུང་རྗེས་གྲོང་ཚོའི་ནང་དུ་ཁང་པ་གསར་པ་རྒྱག་འགོ་ཚུགས་ཡོད་ཅེས་བཤད།

        ཁྱིམ་དུ་ཁང་པ་གསར་པ་རྒྱག་མཁན་ཐོག་མ་དེ་དག་ནི་ལྷག་པ་རྡོ་རྗེ་དང་མཉམ་དུ་ལས་ཀ་བྱེད་མཁན་ཨར་ལས་རུ་མི་ཡིན་ཞིང་བཟོ་པ་ཉི་མས “རྒྱལ་ཁབ་ཀྱིས་སྲིད་ཇུས་ཡག་པོ་འདི་འདྲ་གནང་བ་དང་ང་ཚོར་ཡོང་འབབ་བྱུང་སྟབས་སྔོན་ལ་བརྒྱབ་པ་ཡིན ”ཞེས་བཤད།

        བདེ་སྡོད་ལས་གྲྭ་ལས་ལྷག་པ་རྡོ་རྗེའི་ཨར་ལས་རུ་ཁག་ལ་གོ་སྐབས་གསར་པ་བྱུང་ཞིང་། 2006ལོ་ནས་བཟུང་ཨར་ལས་རུ་ཁག་གི་མི་བདུན་ལས་གྲུབ་པའི་ཚོགས་ཆུང་གཅིག་གིས་ལོ་གཅིག་ལ་མང་ཤོས་སུ་ཁང་པ་གསར་པ་12བརྒྱབ་ཡོད། མིག་སྔར་ལྷག་པ་རྡོ་རྗེའི “སྣ་དཀར་རྩེ་ཞིང་འབྲོག་མང་ཚོགས་ཨར་ལས་རུ་ཁག ”ལ་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་300ལྷག་ཙམ་དང་བཟོ་པ་280ལྷག་ཙམ་ཡོད་པ་དང་ན་ནིང་ལོ་གཅིག་གི་ཡོང་འབབ་སྒོར་ཁྲི་600ཟིན་གྱི་ཡོད།

        2009ལོར་ནང་་མིའི་སྐུལ་ལྕག་འོག་ལོ་མང་རིང་ཕྱི་ལ་བྲེལ་བས་ཁེངས་པའི་ལྷག་པ་རྡོ་རྗེར་རང་ཉིད་ལ་ཁང་པ་རྒྱག་ཁོམ་བྱུང་ཞིང་འཆར་འགོད་རི་མོ་ནི་ལྷ་སའི་དར་བཟོ་ཆེ་ཤོས་དང་རྒྱུ་ཆ་ནི་ཡག་ཤོས་ཡིན་པ་རེད།

        ད་ཆ་ཁ་ལུང་གྲོང་ཚོའི་ཁང་པའི་ཕྱི་དབྱིབས་ལ་བལྟས་ན་སྔར་བཞིན་སྲོལ་རྒྱུན་གྱི་རྒྱག་སྟངས་རེད། མི་འདྲ་ས་ནི་ཁང་པ་ཐོག་སོ་ཉིས་ཐོག་ཏུ་གྱུར་པ་དང་འཛུགས་སྐྲུན་རྒྱུ་ཆ་གསར་པ་སྤྱད་ཡོད་པ་མ་ཟད་ཡོམ་འགོག་བྱ་ཐབས་ཀྱང་སྤྱད་ཡོད། དེ་སྔ་ཕྱི་ལ་འཇོག་པའི་ཕྱུགས་རིགས་ལའང་ད་ལྟ་སོ་སོའི་ཚང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།