དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཟས་གོས་སྡོད་གསུམ་འཛོམས་པས་དམངས་འཚོར་སེམས་ཁྲལ་མི་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        

        འདི་ནི་ཉིང་ཁྲི་ས་ཁུལ་སྤོ་བོ་རྫོང་གི་སྐྱེད་ཚལ་ལྟ་བུའི་ཀ་གནམ་གྲོང་ཚོའི་རྣམ་པ་གསར་པ་ཡིན་པ།

        བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་དུ་སྨན་ཡོན་མི་དགོས་པར་སྨན་བཅོས་ཀྱི་ལམ་ལུགས་ལག་བསྟར་བྱས་པས་བོད་ཀྱི་རྒྱ་ཆེའི་མང་ཚོགས་ལ་ཕན་པ་ཐོབ་ཅིང་། ད་ཆ་གྲོང་གསེབ་ཀྱི་སྨན་བཅོས་འགན་བཅོལ་གསར་པ་ཞིང་འབྲོག་ཁུལ་ཚང་མར་ཁྱབ་པ་དང་། སྨན་བཅོས་སྒྲིག་གཞི་དང་སྒྲིག་ཆས་གཞི་རིམ་དུ་ཁྱབ་ནས་མང་ཚོགས་རྣམས་ས་གནས་ས་ཐོག་ཏུ་ནད་བསྟེན་ཐུབ་པ་དང་སྨན་བཅོས་ཐུབ་ཀྱི་ཡོད། འདི་ནི་ཆུ་ཤུར་རྫོང་འཇང་ཤང་འཕྲོད་བསྟེན་ཁང་གི་སྨན་པས་མང་ཚོགས་ལ་ནད་བལྟ་བཞིན་པ།

        འདི་ནི་ས་དགའ་རྫོང་ཤར་རུ་ཤང་ལ་ཡག་གྲོང་ཚོའི་བུད་མེད་ཚོས་མཉམ་དུ་དགའ་སྤྲོ་དཔག་མེད་ངང་གླེང་མོལ་བྱེད་པའི་གནས་ཚུལ་ཡིན་པ།

        མེ་ཏོག་འགྲེམས་སྟོན་བརྒྱུད་སྡེ་ཁུལ་གྱི་གྲོང་མིའི་འབྲེལ་བ་ཟབ་ཏུ་བཏང་བ་དང་འབྲེལ་མེ་ཏོག་གསོ་སྟངས་སྤེལ་རེས་བྱས་ཏེ་མེ་ཏོག་གསོ་མཁས་ཅན་བདམས་ཤིང་། འདི་ནི་གྲོང་མི་ཚོས་རང་ཉིད་ཀྱི་བློ་ལ་ཡོད་པའི་མེ་ཏོག་བདམས་པ་དང་འབྲེལ་ཁ་བཏགས་གཡོགས་པའི་གནས་ཚུལ་ཡིན་པ།

        འདི་ནི་ཁང་པ་གསར་པའི་བདག་པོ་སྐལ་རྒྱལ (གཡས )གྱིས་གྲོང་མི་དང་མཉམ་དུ་སྡོད་ཁང་གསར་པའི་ཚོམས་ཆེན་གྱི་ཀ་བར་ཁ་བཏགས་གཡོགས་ཏེ་བཀྲ་ཤིས་བདེ་ལེགས་ཞུ་བའི་གནས་ཚུལ་ཡིན་པ།

        འདི་ནི་འབྲོག་པ་ཞིག་གིས་ཁྱིམ་དུ་ལྷ་སའི་ཁྲོམ་རར་འཚོང་རྒྱུའི་ཚགས་ཤ་གྲ་སྒྲིག་བྱེད་པའི་གནས་ཚུལ་ཡིན་པ།

      ཉེ་བའི་ལོ་ཤས་ནང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྤྱི་པའི་འགྲིམ་འགྲུལ་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་ནས་རིམ་བཞིན་སྤྱི་སྤྱོད་རླངས་འཁོར་གྱི་ལམ་ཐིག་གསར་པ་དང་བབས་ཚུགས་བསྣན་ཏེ་གྲོང་མི་ཕྱིར་སྐྱོད་པའི་དགོས་མཁོ་དང་འཚམས་པར་བྱས་པ།

        ཟས་གོས་སྡོད་སྐྱོད་ནི་མི་ཚང་མ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པ་དང་ཟས་གོས་སྡོད་སྐྱོད་ཀྱི་འགྱུར་ལྡོག་ཐད་ནས་སྤྱི་ཚོགས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་མཐོང་ཐུབ། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་60ནི་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཟས་གོས་སྡོད་སྐྱོད་སོགས་ཕྱོགས་གང་ཅིའི་ཐད་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་ལོ་60ཡིན་ལ་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་དམངས་འཚོ་ཆེས་ཆེར་ལེགས་སུ་ཕྱིན་པའི་ལོ་60ཞིག་ཀྱང་ཡིན།

        འདི་ལོའི་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་རིང་རུ་ཐོག་རྫོང་ནས་ཡོང་བའི་སྐལ་བཟང་ཆོས་སྒྲོན་གྱིས་དེ་སྔ་དང་ད་ཆའི་བོད་ཀྱི་མི་སེར་གྱི་གྱོན་ཆས་ཐད་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས་ཚོར་སྣང་ཟབ་མོའི་སྒོ་ནས “དེ་སྔ་ཚང་མས་བསམ་བློ་གཏོང་ས་དེ་ནི་ལྟོ་གོས་ཀྱི་གནད་དོན་ཙམ་ལས་གྱོན་གོས་ལ་དེ་ཙམ་དོ་སྣང་མི་བྱེད་པར་ལུས་པོ་དྲོས་ཙམ་བྱུང་ན་འགྲིག་གི་ཡོད། ད་ཆ་མི་སེར་གྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་ཡག་ཏུ་ཕྱིན་པ་དང་དངུལ་ཡང་འབེལ་དུ་ཕྱིན་པར་བརྟེན་རང་ཉིད་ལ་མཛེས་རྒྱན་སྤྲོས་རྒྱུར་དེ་བས་དོ་སྣང་བྱེད་ཀྱི་ཡོད ”ཅེས་བཤད།

        འཚོ་བའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་སྦྲགས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་གྱོན་ཆས་ལའང་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། ད་ཆའི་བོད་རིགས་མང་ཚོགས་ཀྱི་གྱོན་གོས་དེ་སྲོལ་རྒྱུན་གྱི་བོད་ཆས་ཁོ་ན་ཙམ་མ་ཡིན་པར་རྣམ་པ་སྣ་ཚོགས་ཀྱི་རྒྱལ་ཕྱི་རྒྱལ་ནང་གི་གྲགས་ཅན་སྤུས་རྟགས་རྣམས་ཚང་མའི་དར་གསོ་བྱ་ཡུལ་དུ་གྱུར་ཡོད། གྲོང་ཁྱེར་དང་གྲོང་རྡལ་མང་པོའི་ཁྲོམ་གཞུང་ཐོག་རྒྱལ་ཁབ་ཕྱི་ནང་གི་གྲགས་ཅན་སྤུས་རྟགས་ཆེད་ཚོང་ཁང་རྒྱུན་ཆད་མེད་པར་ཐོན་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གྱོན་ཆས་འཛད་སྤྱོད་ཀྱིས་འཚོ་བ་ཧྲིལ་པོའི་འཛད་སྤྱོད་ཀྱི་གཏོང་སྒོ་བཟུང་བའི་བསྡུར་ཚད་དེ་ཡང་ལོ་རེ་བཞིན་མཐོ་རུ་འགྲོ་བཞིན་ཡོད། དེ་དང་དུས་མཚུངས་སྲོལ་རྒྱུན་གྱི་བོད་ཆས་ལ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་དགའ་པོ་བྱེད་ཅིང་། སྐད་གྲགས་ཆེ་བའི་བར་སྐོར་ཁྲོམ་གཞུང་ནང་རྒྱ་གར་དང་ནེ་པ་ལའི་གོས་རྒྱན་ལ་ཡང་གྲོང་མི་དང་ཡུལ་སྐོར་བ་མང་པོས་དགའ་པོ་བྱེད་ཀྱི་ཡོད།

        བོད་ཪྙིང་པར་རྒྱ་ཆེའི་ཞིང་བྲན་རྣམས་ལ་ལྟོ་གྲོད་པ་རྒྱགས་པ་ཞིག་དང་ལྟོ་ཡག་པོ་ཞིག་ཟ་རྒྱུ་མེད།

        ད་ཆ་བོད་དུ་མི་སེར་གྱིས་བཟའ་བཏུང་དེ་ལོངས་སྤྱོད་དུ་བརྩི་བ་དང་སྤུས་དག་དང་། བདེ་ཐང་། བློ་བདེ་བཅས་ཀྱི་ཟས་རིགས་སྤྱོད་རྒྱུ་དེ་ཁྱིམ་ཚང་དག་གི་གདམ་ག་ཡག་ཤོས་སུ་འགྱུར་བ་དང་མི་སེར་གྱི་འཚོ་བ་དེ “ལྟོ་ཡག་པོ་ཞིག་ཟ་བ ”ནས “བདེ་ཐང་ལ་ཕན་པའི་ཟས་རིགས ”སྤྱོད་པའི་འདུ་ཤེས་དེ་ཉིན་བཞིན་མི་སེམས་ལ་བབས་བཞིན་ཡོད།

        འགྱུར་ལྡོག་དེ་དག་གླེང་སྐབས་ཆབ་མདོ་རྫོང་ནས་ཡོང་བའི་བགྲེས་སོང་བློ་བཟང་གིས་གསར་འགོད་པར “དེ་སྔ་གལ་ཏེ་རྩམ་པ་གྲོད་པ་རྒྱགས་པ་ཞིག་ཟ་རྒྱུ་བྱུང་ན་དཔེ་མི་སྲིད་པའི་བདེ་སྐྱིད་ཅིག་ལ་བརྩི་བ་དང་གལ་ཏེ་ལ་ཕུག་དང་། པད་ཚལ། ཞོག་ཁོག་བཅས་ཟ་རྒྱུ་ཡོད་ན་ལྷ་ཡུལ་ལྟ་བུའི་འཚོ་བར་བརྩི་གི་ཡོད ”ཅེས་བཤད།

        འབྱོར་འབྲིང་དུ་སླེབས་མིན་གྱི་འགག་རྩ་དེ་སྡོད་ཁང་ལ་ལྟ་དགོས། བསྡོམས་རྩིས་བྱས་པར་གཞིགས་ན། 1950ལོར་རང་ལྗོངས་ཀྱི་མི་འབོར་ཁྲི་100ཟིན་པའི་ནང་སྡོད་ཁང་མེད་མཁན་ཁྲི་90ཙམ་ཡོད། རྒྱ་ཆེའི་ཞིང་བྲན་རྣམས་ལ་སྡོད་ཁང་མེད་པའི་ཐོག་སྡུག་པོ་ཚད་མེད་མྱོང་གི་ཡོད།

        ད་ཆ་རང་ལྗོངས་སུ་གོང་ཁེ་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་འཛུགས་སྐྲུན་དང་། ཚོང་འདུས་གྲོང་སྡེའི་འཛུགས་སྐྲུན། ཞིང་འབྲོག་མང་ཚོགས་ཀྱི་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བཅས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པར་བརྟེན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྡོད་ཁང་གི་ཆ་རྐྱེན་ཆེས་ཆེར་ལེགས་སུ་ཕྱིན་ཡོད། ས་ཁང་བདག་ཁོངས་ཀྱི་ཐོན་ལས་གྲོང་ཁྱེར་དང་གྲོང་རྡལ་ཁྲོད་ཉིན་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང་གུ་ཡངས་ལ་དཀར་ཆ་དོད་པའི་སྡོད་ཁང་ནང་སྡོད་མཁན་མི་སེར་ཚོས་ད་ཆ་སྡོད་ཁང་མཛེས་བཟོ་དང་ཇེ་ལེགས་སུ་གཏོང་རྒྱུའི་ཐད་དེ་བས་དང་དོད་བྱེད་ཀྱི་ཡོད། རྒྱ་ཆེའི་ཞིང་འབྲོག་ཁུལ་དུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་བྱེད་པའི་ཚ་རླབས་འཕྱུར་བར་བརྟེན་ཏང་དང་རྒྱལ་ཁབ་ཀྱི་རོགས་རམ་འོག་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྡོད་ཁང་གསར་པའི་ནང་སྤོས་ཤིང་། ད་ཆ་གྲལ་སྟར་འགྲིག་པའི་བོད་བཟོའི་སྡོད་ཁང་གང་སར་མཐོང་རྒྱུ་ཡོད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་རང་ལྗོངས་ཀྱིས “སྡོད་ཁང་བཞི་དང་སྒྱུར་བཀོད་གཉིས ”རིམ་གྱིས་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་སྟེ། ཁང་གླ་ཁེ་བའི་སྡོད་ཁང་དང་། ལས་ཤག སྤྱི་པའི་བོགས་གཏོང་ཁང་པ། གོང་ཁེ་ལ་སྤྱོད་གོ་ཆོད་པའི་སྡོད་ཁང་། སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་དང་གྲོང་གསེབ་ཀྱི་ཉེན་ཁ་ཆེ་བའི་སྡོད་ཁང་སྒྱུར་བཀོད་བྱ་རྒྱུ་ཡིན་ཞིང་། “ཁ་གསབ་གཉིས་དང་མ་དངུལ་གཅིག ”སྟེ་ཁང་གླ་ཁེ་བའི་སྡོད་ཁང་གི་ཁ་གསབ་དང་ལས་བྱེད་ལས་བཟོའི་ཟླ་རེར་གཞིགས་པའི་སྡོད་ཁང་གི་ཁ་གསབ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱིས་རྨང་གཞི་བྱེད་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་སྡོད་ཁང་དོ་དམ་ལས་སྟེགས་ཁྱབ་རྒྱུ་འཇུ་སར་བྱས་ཏེ་བོད་ཀྱི་ཁྱད་ཆོས་ལྡན་པའི་རིམ་པ་མང་བའི་སྡོད་ཁང་འགན་སྲུང་མ་ལག་བཙུགས་ནས་རང་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྡོད་ཁང་ཡོད་པའི་དམིགས་ཚད་མངོན་འགྱུར་བྱ་ཆེད་རྨང་གཞི་འདིང་རྒྱུ་ཡིན་པ་རེད།

        ད་ཕན་ལོ་ཤས་རིང་རང་ལྗོངས་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ཞིང་། 2010ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་5.8ཟིན་ཡོད། ད་ཆ་གཞུང་ལམ་དང་། མཁའ་འགྲུལ། ལྕགས་ལམ་བཅས་སྐྱེལ་འདྲེན་མཐུན་སྦྱོར་ངང་འཕེལ་རྒྱས་ཕྱིན་ཡོད། མཚོ་བོད་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དང་རྒྱལ་སྤྱི་རྒྱལ་ནང་གི་མཁའ་ལམ་21ཤར་གཏོང་ཐུབ་པར་བརྟེན་བོད་དང་འཛམ་གླིང་དབར་གྱི་བར་ཐག་ཉེ་རུ་ཕྱིན་པ་དང་མི་དང་དངོས་པོ་སྤེལ་རེས་བྱ་རྒྱུ་དེ་བས་ཟབ་ཏུ་ཕྱིན་ཡོད། གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་བཅས་ཀྱིས་གཙོ་བོ་བྱས་པའི་ལངས་གཟུགས་འགྲིམ་འགྲུལ་དྲ་བ་ཆགས་ཟིན་ལ་དེའི་ཁྱབ་རྒྱ་ཡང་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཕྱིར་སྐྱོད་རྒྱུར་སྟབས་བདེ་བསྐྲུན་ཡོད།

        རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་མང་ཚོགས་ཀྱི་ཡོང་འབབ་རྒྱུན་ཆད་མེད་པར་འཕར་བར་བརྟེན་སྒེར་གྱི་རླངས་འཁོར་ཉོ་མཁན་ཡང་དེ་དང་ཆབས་ཅིག་མང་དུ་ཕྱིན་ཞིང་། མིག་སྔའི་བར་ལྷ་ས་གྲོང་ཁྱེར་ལ་འཕྲུལ་སྒུལ་འཁོར་ལོ་དབང་ཚད་ཁྲི་10ལས་བརྒལ་བའི་ནང་སྒེར་གྱི་རླངས་འཁོར་གྱིས་བརྒྱ་ཆ་བརྒྱད་ཅུ་བཟུང་ཡོད་པ། མ་ཟད་གྲངས་ཀ་དེ་ཉིན་རེ་ལས་མ་བསྡད་པར་འཕར་བཞིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་གཞུང་ལམ་29གསར་བསྐྲུན་དང་། རྒྱ་སྐྱེད་རྒྱས་སྐྲུན། སྒྱུར་བཀོད་བཅས་བྱས་པའི་རིང་ཚད་སྤྱི་ལེ་48.1ཟིན་ནས་གྲོང་ཁུལ་གྱི་གཞུང་ལམ་ཕལ་ཆེ་བ་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།