དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྲིད་གཞུང་གིས་སྒྲིག་འཛུགས་བྱས་ལ་འགྲོ་སོང་ཡང་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཉེ་ཆར་གསར་འགོད་པས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་སྒོ་བསྟེན་སྨན་ཁང་གི་ཐོག་སོ་གསུམ་པར་བསྐྱོད་སྐབས་ལག་ཏུ་རྒྱབ་ཤ་ལྗང་ཁུ་ཡིན་པའི “བདེ་ཐང་གི་གཟུགས་གཞི་བརྟག་དཔྱད་དེབ ”འཁྱེར་བའི་ཡུལ་མིས་རང་རྟོགས་ངང་གྲལ་སྒྲིག་ནས་བསྡད་ཡོད་པ་དེ་ནི་ཁྲེང་ཀོན་ཆུས་ཀྱི་ལོ་45ཡན་ལ་སླེབས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་དེ་གར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་བཞིན་ཡོད་པ་དེ་རེད།

        ལོ་45ཡན་ལ་སླེབས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིར་རིན་མེད་ངང་བདེ་ཐང་གི་གཟུགས་པོ་བརྟག་དཔྱད་བྱེད་པ་དང་བདེ་ཐང་གི་ཡིག་ཚགས་བཟོ་བའི་ལས་དོན་ལག་བསྟར་བྱས་པ་དེ་ནི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་གྲོང་ཁྱེར་དེ་ཡོངས་ཀྱི་མི་དམངས་ལ་ཁས་ལེན་བྱས་པའི་2011ལོའི་དམངས་འཚོའི་རྣམ་གྲངས་ཁག་12ཀྱི་གྲས་ཤིག་རེད། ཁས་ལེན་དེ་དངོས་སུ་ལག་བསྟར་བྱེད་བཞིན་ཡོད་པར་མི་དམངས་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད།

        སྲིད་གཞུང་གིས་སྒྲིག་འཛུགས་ཞིབ་ཚགས་བྱེད་པ།

        ཁྲེང་ཀོན་ཆུས་འཕྲོད་བསྟེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཐང་ཞའོ་ཅུན་གྱིས་ལྷ་ས་གྲོང་ཁྱེར་གྱིས་ལོ་45ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིར་རིན་མེད་ངང་བདེ་ཐང་གི་གཟུགས་གཞི་བརྟག་དཔྱད་བྱེད་པ་དང་དེ་བཞིན་བདེ་ཐང་གི་ཡིག་ཚགས་བཟོ་བའི་རྣམ་གྲངས་ཀྱི་ལས་ཀའི་གཙོ་གནད་དེ་ཁྲེང་ཀོན་ཆུས་སུ་ལག་བསྟར་བྱས་པ་དེ་ཁྱོན་ཁྲེང་ཀོན་ཆུས་ཀྱི་ལོ་45ཡན་ལ་སླེབས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་3791དང་འབྲེལ་བ་ཡོད་ཅེས་ངོ་སྤྲོད་བྱས།

        འདི་ལོའི་ཟླ་6པའི་ཟླ་མཇུག་ཏུ་ཁོངས་གཏོགས་དེའི་ལོ་45ཡན་ལ་སླེབས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིར་རིན་མེད་ངང་གཟུགས་གཞི་བརྟག་དཔྱད་དང་དེ་བཞིན་བདེ་ཐང་གི་ཡིག་ཚགས་བཟོ་བའི་ལས་དོན་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད་ཁྲེང་ཀོན་ཆུས་ཀྱིས་ཆུས་ཀྲང་གཞོན་པ་ཧོང་ལི་ཤིན་གྱིས་ཙུའུ་ཀྲང་བྱས་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ལག་བསྟར་ཇུས་གཞི་བཟོས་པ་དང་འབྲེལ་ཡོད་སྡེ་ཚན་དང་མི་སྣའི་འགན་འཁྲི་དོན་འཁྱོལ་བྱས་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ནོར་སྲིད་ཀྱིས་གཟུགས་གཞི་བརྟག་དཔྱད་བྱེད་འདོད་ཡོད་པའི་ཡུལ་མི་རེར་གཟུགས་གཞི་བརྟག་དཔྱད་ཀྱི་འགྲོ་སོང་སྒོར་240སྤྲད་པ་རེད། ཁྲེང་ཀོན་ཆུས་སྲིད་གཞུང་གིས་ད་དུང་གཟུགས་གཞི་བརྟག་དཔྱད་ནང་ཞུགས་མཁན་ཡུལ་མིར་འགྲིམ་འགྲུལ་འགྲོ་སོང་སྒོར་10དང་ཞོགས་ཟས་ཀྱི་འགྲོ་སོང་སྒོར་10རེ་སྤྲད་པ་རེད།

        འདི་ལོ་ཟླ་1ནས་4བར་ཁྲེང་ཀོན་ཆུས་ཀྱིས་ཁོངས་གཏོགས་དེའི་ཁྲོམ་གཞུང་དོན་གཅོད་ཁང་8དུ་ལོ་45ཡན་ལ་སླེབས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་ཡོངས་ཁྱབ་ཞིབ་བཤེར་བྱས་ནས་ཡུལ་མིའི་ཆ་འཕྲིན་ཐོ་འགོད་ཞིབ་ཕྲ་བྱས་པ་རེད། ཁྲོམ་གཞུང་ཁག་གིས་སྡེ་ཁུལ་ཡུལ་མི་ཨུ་ཡོན་ལྷན་ཁང་ཁག་སྒྲིག་འཛུགས་ཀྱིས་ཚོགས་འདུ་འཚོགས་ནས་རིམ་པ་བཞིན་སྐུལ་སློང་དང་རིམ་པ་བཞིན་དོན་འཁྱོལ་བྱས་ཏེ་གཟུགས་གཞི་བརྟག་དཔྱད་ནང་ཞུགས་མཁན་ལོ་45ཡན་ལ་སླེབས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིར་ད་རེས་གཟུགས་གཞི་བརྟག་དཔྱད་ཀྱི་རྣམ་གྲངས་11དེ་དག་གསལ་འགྲེལ་བྱས་ཏེ་དམངས་ཕན་སྲིད་ཇུས་དུད་ཚང་ཚང་མས་ཤེས་ཐུབ་པ་བྱས་པ་རེད། ཟླ་5ཚེས་10ཉིན་ནས་བཟུང་ཁྲེང་ཀོན་ཆུས་ཀྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལོ་45ཡན་ལ་སླེབས་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིར་རིན་མེད་ངང་གཟུགས་གཞིར་བརྟག་དཔྱད་བྱེད་འགོ་ཚུགས་པ་རེད།

        མང་ཚོགས་ཀྱིས་ཐལ་མོ་བརྡབས་ནས་བསྔགས་བརྗོད་བྱེད་པ།

        ཐང་ཞའོ་ཅུན་གྱིས་གཟུགས་གཞིར་བརྟག་དཔྱད་བྱེད་པའི་ལས་དོན་སྤེལ་ཚུན་ཡུལ་མི་ཚོ་ཧུར་ཐག་ཞུགས་ཡོད། ད་རེས་ཀྱི་ལས་དོན་དེ་བདེ་བླག་ངང་ཡག་པོ་སྤེལ་ཆེད་ཆེད་མངགས་སྨན་པ་སྣེ་ཁྲིད་པ་5དང་ལས་དོན་མི་སྣ་2བཀོད་སྒྲིག་བྱས་ཏེ་གཟུགས་གཞི་བརྟག་དཔྱད་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་མཐུན་སྦྱོར་བྱས་པ་དང་ཆབས་ཅིག་གཟུགས་གཞིར་བརྟག་དཔྱད་བྱེད་མཁན་ཚོར་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་མངགས་བཅོལ་ཡང་བྱས་ཡོད་ཅེས་བཤད།

        ཀུན་བདེ་གླིང་ཁྲོམ་གཞུང་གི་ཡུལ་མི་སྐལ་བཟང་གིས་རང་ཉིད་འདི་ལོ་ལོ་50ལྷག་ཙམ་ལ་སླེབས་སོང་བས་ཕྲུ་གུ་ཚོས་ལོ་ལྟར་གཟུགས་པོར་བརྟག་དཔྱད་བྱེད་དགོས་པའི་སྐུལ་ལྕག་མ་བྱས་ཚེ་རང་ཉིད་ཀྱིས་གཟུགས་པོ་བདེ་ཐང་ཡིན་པའི་ངོས་འཛིན་བྱས་ནས་བསྐྱོད་མི་སྲིད། ད་རེས་བྱེད་སྒོ་མ་སྤེལ་གོང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཡུལ་མིའི་བདེ་ཐང་གི་འདུ་ཤེས་མཐོ་རུ་བཏང་བས་ཚང་མས་ཧུར་ཐག་ཞུགས་ཡོད་ཅེས་བཤད།

        ཟླ་5ཚེས་31ཉིན་གྱི་སྔ་དྲོའི་ཆུ་ཚོད་10པར་རྗེ་འབུམ་སྒང་ཁྲོམ་གཞུང་གི་ལོ་59ལ་སླེབས་པའི་ཡུལ་མི་བསྟན་འཛིན་པད་མས་གཟུགས་གཞི་བརྟག་དཔྱད་ཀྱི་རྣམ་གྲངས་11དེ་དག་ཚང་མ་ཚར་རྗེས་ཁོང་གིས་མཐེ་བོང་བསྒྲེངས་ནས་བྱེད་སྒོ་འདི་ལྟ་བུ་སྤེལ་བར་མང་ཚོགས་ཀྱི་དགའ་བསུ་ཐོབ་ཐུབ་ཅེས་བཤད།

        ར་མོ་ཆེ་སྡེ་ཁུལ་གྲོང་ལྷན་གྱི་སྐལ་བཟང་སྒྲོལ་དཀར་གྱིས་དེ་སྔ་སྡེ་ཁུལ་ནང་གཟུགས་གཞི་བརྟག་དཔྱད་ཀྱི་བྱེད་སྒོ་འདི་ལྟ་བུ་སྤེལ་མྱོང་ཡོད་རུང་བུད་མེད་ཁོ་ན་ལས་ཞུགས་ཀྱི་མེད་པ་དང་ད་རེས་གཞི་ཁྱོན་ཆེན་པོ་ཡིན་སྟབས་ལོ་45ཡན་ལ་སླེབས་པའི་ཡུལ་མི་ཕོ་མོ་ཚང་མ་ཞུགས་ཡོད་པས་ཕན་པ་ཐོབ་མཁན་མང་ཚོགས་དེ་བས་མང་བ་ཡོད། བྱེད་སྒོ་འདི་ལྟ་བུ་ལོ་ལྟར་སྤེལ་བ་མ་ཟད་ཕྱོགས་མིའང་མཉམ་དུ་ཞུགས་ཆོག་པ་དང་གཟུགས་གཞིར་བརྟག་དཔྱད་བྱས་འབྲས་དོན་རྗེས་གཟུགས་པོར་ན་ཚ་ཡོད་པའི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་འགན་ལེན་ལྔའི་དུད་ཚང་སོགས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སྨན་བཅོས་བྱེད་པའི་ཐད་རོགས་རམ་གནང་རྒྱུའི་རེ་བ་ཡོད་ཅེས་བཤད།

        རྗེས་མཐུད་ལས་དོན་ལ་མཐོང་ཆེན་བྱེད་པ།

        ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེང་ཀོན་ཆུས་ཀྱིས་ཟླ་7ཚེས་15ཉིན་གྱི་གོང་བདེ་ཐང་གི་ཡིག་ཚགས་བཟོ་བའི་ལས་དོན་ལེགས་གྲུབ་ཟིན་པ་བྱ་རྒྱུ་རེད། གཟུགས་གཞིར་བརྟག་དཔྱད་བྱས་པའི་གྲངས་གཞི་བཀོད་རྗེས་གཟུགས་གཞིར་བརྟག་དཔྱད་བྱེད་མཁན་གྲོང་མི་ཚོར་གཟུགས་གཞིར་བརྟག་དཔྱད་བྱས་འབྲས་ཁྱབ་བསྒྲགས་བྱ་རྒྱུ་དང་ནད་གཞི་ལྕི་པོ་ཡོད་པ་དང་འཕྲལ་མར་སྨན་བཅོས་བྱེད་དགོས་པའི་ནད་པ་སྨན་ཁང་ཆེ་སར་སྨན་བཅོས་བྱེད་པར་བསྐྱོད་དགོས་པའི་སྐུལ་མ་གཏོང་རྒྱུ་དང་སྦྲགས་མཐུན་སྦྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུ་དང་ནད་གཞི་ཅུང་ཟད་ཡོད་པའི་ནད་པར་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་སྒྲིག་གཞིའམ་ཡང་ན་སྨན་ཁང་ཆེ་གྲས་ཁག་གི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱོད་དགོས་པའི་སྐུལ་མ་གཏོང་རྒྱུ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་བདེ་ཐང་གི་ཡིག་ཚགས་བཟོ་བའི་ལས་དོན་དང་བདེ་ཐང་གི་གཟུགས་གཞི་བརྟག་དཔྱད་དུས་གཅིག་ཏུ་བྱས་ནས་ཟླ་8ཚེས་31ཉིན་གྱི་གོང་དུ་ལས་དོན་ཚང་མ་ལེགས་གྲུབ་ཟིན་པ་བྱ་རྒྱུ་རེད།

        ཐང་ཞའོ་ཅུན་གྱིས་ད་རེས་རིན་མེད་ངང་གཟུགས་གཞིར་བརྟག་དཔྱད་བྱས་པ་དང་དེ་བཞིན་བདེ་ཐང་གི་ཡིག་ཚགས་བཟོ་བའི་ལས་དོན་སྤེལ་བ་བརྒྱུད་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་བདེ་ཐང་ལ་གནོད་འཚེ་བཟོ་བའི་ནད་གཞི་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་བརྟག་དཔྱད། སྔ་ཙམ་སྨན་བཅོས་བཅས་བྱ་རྒྱུ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་ནད་གཞི་ཁྱབ་ཚུལ་དང་འགྱུར་ལྡོག་འགྲོ་ཚུལ་ཤེས་རྟོགས་བྱས་པ་བརྒྱུད་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་གྲོང་མིར་ལུགས་མཐུན་ངང་སྨན་བཅོས་བྱ་རྒྱུར་སྔར་བས་ཁྲིད་སྟོན་བྱེད་པ་མ་ཟད་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཟུགས་གཞི་བདེ་ཐང་ལ་ཤུགས་རྐྱེན་ངན་པ་བཟོ་བའི་ཉེན་ཡོད་རྒྱུ་རྐྱེན་གཙོ་བོར་གཞིགས་ནས་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་བདེ་ཐང་སློབ་གསོ་དང་བདེ་ཐང་ལ་སྐུལ་མ་གཏོང་བའི་བྱེད་སྒོ་སྤེལ་ཏེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིས་རང་ངོས་ཀྱི་འཕྲོད་སྦྱོར་འདུ་ཤེས་ཟམ་མི་ཆད་པར་མཐོ་རུ་གཏོང་ཐུབ་པ་བྱ་རྒྱུ་རེད་ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།