ཀྲུང་གོ་སྲོག་རྟེན་འགན་བཅོལ་རྒྱུ་ནོར་ཉེན་འགོག་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིས་རང་ལྗོངས་སུ་ཞིང་འབྲེལ་འགན་བཅོལ་ཚོད་ལྟ་བྱས་ཚུན། མེད་པ་ནས་ཡོད་པའི་བར་རྒྱུན་ཆད་མེད་པར་འཕེལ་རྒྱས་སོང་ནས་འགན་བཅོལ་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་ཚོར་རང་བྱུང་གནོད་འཚེ་ཐེངས་མང་ཐོན་རྗེས་འགན་བཅོལ་ཀུང་སིས་འཕྲལ་མར་གུན་གསབ་ཐོབ་པ་བརྒྱུད་ཞིང་འབྲོག་མང་ཚོགས་ཚོས་ཡིད་ཆེས་བརྒྱ་འགྱུར་གྱི་ཐོག་ནས་ཐོན་སྐྱེད་དང་འཚོ་བ་བསྐྱར་དུ་སྐྱེལ་རྒྱུ་བྱུང་བ་རེད། མིག་སྔར་རང་ལྗོངས་སུ་ལྗོངས་ཡོངས་ལ་ཁྱབ་པའི་ཞིང་འབྲེལ་འགན་བཅོལ་ཞབས་ཞུའི་དྲ་བ་རགས་ཙམ་ཚུགས་ནས་སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་ལས་དོན་ལྗོངས་ཡོངས་སུ་སྒོ་ཀུན་ནས་ཁྱབ་གདལ་བཏང་བས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ་ཕན་པ་ཐོབ་པ་རེད།
2010ལོའི་ཟླ་5པར་རྫ་ཡུལ་རྫོང་དུ་དྲག་ཆར་དང་། ཆུ་ལོག ཆུ་རུད་སོགས་རང་བྱུང་གནོད་འཚེ་ལས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ལ་དཔལ་འབྱོར་གྱི་གྱོང་གུན་ཚབས་ཆེན་ཕོག་ཡོད་ཅིང་། རྩིས་ཞིབ་བྱས་པ་ལྟར་ན། རྫ་ཡུལ་རྫོང་གི་ཤང་གྲོང་6དང་གྲོང་ཚོ་99ཡི་ཁྱིམ་དུད་2983ལ་གྱོང་གུན་ཕོག་པའི་ནང་ནས་མུའུ་2924.55དང་། གྲོ་མུའུ་1166.15 པད་ཁ་མུའུ་364.9བཅས་ལ་གྱོང་གུན་ཕོག་པ། ལུག་1735དང་འབྲི་གཡག་3292ཤི་བ། དུད་ཚང་88ཀྱི་ཁང་པ་བརྡིབས་པ། ལོ་དེའི་ཟླ་1ཚེས་28ཉིན་འགན་བཅོལ་ཀུང་སི་དང་རྫ་ཡུལ་རྫོང་དབར་བཞག་པའི་སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་འགན་བཅོལ་གན་རྒྱའི་གཏན་འབེབས་ལ་གཞིགས་ཏེ་ད་རེས་ཀྱི་གནོད་འཚེའི་ཁྲོད་ཤི་བའི་འབྲི་གཡག་དང་། ལུག དེ་བཞིན་ཞིང་འབྲོག་པའི་སྡོད་ཁང་བརྡིབས་སྐྱོན་ཤོར་བ་བཅས་ཚང་མ་འགན་སྲུང་གི་ཁྱབ་ཁོངས་སུ་གཏོགས་ཡོད། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་སླར་གསོ་དང་འཚོ་བ་སྔ་ཙམ་བསྐྱར་གསོ་ཐུབ་ཆེད་ཀྲུང་གོ་སྲོག་རྟེན་འགན་བཅོལ་རྒྱུ་ནོར་ཉེན་འགོག་ཀུང་སི་བོད་ལྗོངས་ཡན་ལག་ཀུང་སིས་སྤྲོད་ཐེངས་གཅིག་ལ་སྐྱིན་ཚབ་སྒོར་5529538.75སྤྲད་པ་རེད།
སྒྲོལ་མ་ལྷ་མོའི་ཁྱིམ་ཚང་ནི་སྐབས་དེའི་གནོད་འཚེ་ཕོག་མཁན་ཁྱིམ་ཚང་གི་གྲས་ཤིག་ཡིན་ཞིང་། འགན་བཅོལ་ཀུང་སིའི་གུན་གསབ་དངུལ་ལག་གསོན་བྱུང་སྐབས་ཁོ་མོ་རང་དབང་མེད་པར་མིག་ཆུ་ཤོར། སྐབས་དེའི་དྲག་ཆར་ཁྲོད་འཁོས་ཀ་འབྲིང་ཙམ་ལས་མེད་པའི་ཉི་མ་ལྷ་མོའི་ཁྱིམ་གྱི་ཁང་པ་བརྡིབས། ཁྱིམ་གྱི་སྒོ་ཟོག་ཀྱང་འགའ་ཞིག་ལས་ལྷག་མེད་སྟབས་འགན་བཅོལ་ཀུང་སིས་དུས་ཐོག་ཏུ་གུན་གསབ་སྒོར་ཁྲི་2ལྷག་ཙམ་སྤྲད་པ་རེད། གྲོང་ཚོའི་རོགས་རམ་འོག་ལོ་ཕྱེད་ཙམ་ནང་ཁོ་མོའི་སྡོད་ཁང་པ་གསར་པ་བརྒྱབ་ཚར་བ་མ་ཟད། དེ་སྔ་ལས་དཀར་ཆ་དོད་ལ་ལེགས་པ་ཞིག་བྱུང་ཡོད། ལོ་གཅིག་སོང་རྗེས་ཀྱི་ད་ཆ་ཉི་མ་ལྷ་མོས་ཡིད་ཆེས་བརྟན་པོའི་སྒོ་ནས་གྲོང་ཚོ་ཡོངས་དང་ལྷན་དུ་ཁྱིམ་ཚང་མགྲོན་ཁང་བཙུགས་པ་དང་། འགན་བཅོལ་ཀུང་སིའི་གུན་གསབ་དངུལ་གྱིས་ངའི་ཁྱིམ་ཚང་བསྐྱབས་སོང་ཞེས་བཤད། དེ་བཞིན་ཉི་མ་ལྷ་མོ་དང་འདྲ་བར་རྫ་ཡུལ་རྫོང་གི་གནོད་འཚེ་ཕོག་པའི་མང་ཚོགས་གཞན་དག་ལ་ཡང་གུན་གསབ་དངུལ་རག་པའི་དབང་གིས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བ་མགྱོགས་མྱུར་སླར་གསོ་བྱུང་ཡོད་པ་རེད།
རང་ལྗོངས་སུ་ཞིང་འབྲོག་ཁུལ་གྱི་སྲིད་ཇུས་རང་བཞིན་གྱི་ཞིང་འབྲེལ་འགན་བཅོལ་འགན་དངུལ་དེ་རིམ་ཁག་སྲིད་གཞུང་གིས་90%བཏོན་པ་དང་ཞིང་འབྲོག་པས་10%ལས་བཏོན་དགོས་ཀྱི་མེད་ལ་འགན་ལེན་གྱི་ཁྱབ་ཁོངས་ཞིང་འབྲོག་ལས་ཐོན་སྐྱེད་ཀྱི་ཕྱོཌ་གང་སར་རིམ་གྱིས་ཁྱབ་བཞིན་ཡོད། ཞིང་འབྲོག་པའི་འགན་བཅོལ་འདུ་ཤེས་ཆེ་རུ་སོང་བ་དང་ཆབས་ཅིག་ཞིང་འབྲོག་ཁུལ་གྱི་རྒྱ་ཆེའི་མང་ཚོཌ་ཀྱི་ཉེན་འགོག་དང་། བརྟན་ལྷིང་འགན་སྲུང་། དམངས་འཚོ་འགན་ལེན་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་གོང་མཐོར་སོང་ཡོད་པ་རེད།