བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་བརྒྱད་གཅིག་ནས་ཟླ་6ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འོས་སྦྱོར་དང་རིགས་གཅིག་མཁས་ཅན་གྱིས་དཔྱད་བཤེར་བྱས་ཏེ་རིག་གནས་པུའུ་དང་ནོར་སྲིད་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཉིང་ཁྲི་ས་ཁུལ་དེ་ཉིད “རྒྱལ་ཁབ་ཀྱི་སྤྱི་སྤྱོད་རིག་གནས་ཞབས་ཞུའི་མ་ལག་དཔེ་སྟོན་ཁུལ ”ཁག་དང་པོ་28གྲས་སུ་བདམས་པ་དང་ཉིང་ཁྲི་ས་ཁུལ་ནི་རང་ལྗོངས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ས་ཁུལ་གཅིག་པུ་དེ་རེད།
སྤྱི་སྤྱོད་རིག་གནས་སྒྲིག་བཀོད་དྲ་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་ཐེབས་པ། ཉིང་ཁྲི་ས་ཁུལ་གྱིས་རྒྱལ་ཁབ་དང་། བོད་སྐྱོར། ས་གནས་བཅས་ཀྱི་མ་དངུལ་བསྡུ་སྒྲིལ་བྱས་ཏེ་ས་ཁུལ་དཔེ་མཛོད་ཁང་དང་། གྲངས་གཞིའི་གློག་བཪྙན་ཁང་། རིག་གནས་སྒྱུ་རྩལ་ལྟེ་གནས། བོད་ཤར་ལྷོའི་རིག་གནས་ཤུལ་བཞག་རྟེན་རྫས་ཁང་བཅས་དང་། རྫོང་ཁག་གི་དཔེ་དེབ་ཁང་དང་ཕྱོགས་བསྡུས་རིག་གནས་བྱེད་སྒོ་ཁང་། ཤང (གྲོང་རྡལ )གི་རིག་གནས་ས་ཚིགས་དང་གྲོང་ཚོའི་ལྟ་ཀློག་ཁང་བཅས་བཙུགས་པ་རེད། མིག་སྔར་ཉིང་ཁྲི་ས་ཁུལ་གྱིས་ས་ཁུལ་དང་རྫོང་གི་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི་12ལྷག་ཙམ་ཉར་ཚགས་བྱས་པས་གྲོང་རྡལ་གྱི་ཡུལ་མི་ཆ་སྙོམས་མི་རེར་དེབ་2.4དང་། ཤང (གྲོང་རྡལ )གི་རིག་གནས་ས་ཚིགས་དང་གྲོང་ཚོའི་ལྟ་ཀློག་ཁང་དུ་ཁྱོན་བསྡོམས་དེབ་ཁྲི་50ལྷག་ཙམ་ཉར་ཚགས་བྱས་ཡོད་པས་ཞིང་འབྲོག་མང་ཚོགས་མི་རེར་ཆ་སྙོམས་དཔེ་དེབ་3.7ལོན་གྱི་ཡོད། རྫོང་གི་ཆ་འཕྲིན་ཐོན་ཁུངས་མཉམ་རོལ་ལས་གྲྭའི་རྫོང་ཉིང་ལག་ལྟེ་གནས་7དང་གྲོང་ཚོ་རིམ་པའི་གཞི་རིམ་གྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་རོལ་ལས་གྲྭའི་ཞབས་ཞུ་ས་ཚིགས་75ལེགས་གྲུབ་བྱུང་ཡོད།
སྤྱི་སྤྱོད་རིག་གནས་ཞབས་ཞུ་བྱེད་ནུས་ཆེ་རུ་སོང་བ། ཉིང་ཁྲི་ས་ཁུལ་གྱིས་ས་ཁུལ་ཡར་ཀླུང་གཙང་པོ་གྲོག་རོང་ཆེན་པོའི་རིག་གནས་ཡུལ་སྐོར་དུས་ཆེན་དང་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་སོགས་སྤུས་རྟགས་ལ་བརྟེན་ནས “དུས་ཆེན་ཚང་མར་བྱེད་སྒོ་ཡོད་པ་དང་། ལོ་ལྟར་མཉམ་འཁྲབ་ཡོད་པ། ཟླ་རེར་འཁྲབ་སྟོན་ཡོད་པ ”བཅས་ཀྱི་དམིགས་ཚད་ལྟར་མང་ཚོགས་ཀྱི་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་ཞིང་2010ལོར་ཉིང་ཁྲི་ས་ཁུལ་གྱིས་རིག་རྩལ་བྱེད་སྒོ་ཐེངས་270ལྷག་ཙམ་སྤེལ་བ་དང་འཁྲབ་སྟོན་ཐེངས་1500ལྷག་ཙམ་བྱས་པས་ལྟད་མོ་བ་ཁྱོན་བསྡོམས་མི་ཐེངས་ཁྲི་300ལྷག་ཙམ་ཟིན་ཡོད།
སྤྱི་སྤྱོད་ཞབས་ཞུའི་འདེགས་སྐྱོར་གྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་སོང་བ། ཉིང་ཁྲི་ས་ཁུལ་གྱིས་སྲིད་གཞུང་གི་ཁྲིད་སྟོན་དང་། རིག་གནས་སྡེ་ཚན་གྱི་མཛུབ་ཁྲིད། མང་ཚོགས་ཞུགས་པ་བཅས་ཀྱི་བྱ་ཐབས་སྤྱད་ནས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་ཤུགས་ཆེན་སྤེལ་བ་དེ་མིག་སྔར་རྒྱ་ཆེའི་མང་ཚོགས་ཚོའི་ལུས་སྦྱོང་གི་བྱེད་སྒོ་ཞིག་ཏུ་གྱུར་པ་མ་ཟད། ཤང (གྲོང་རྡལ )དང་གྲོང་ཚོར་ཡང་ཁྱབ་པ་དང་ལོ་ལྟར་བྱེད་སྒོ་སྤེལ་བའི་དུས་ཚོད་ཉིན་180ཟིན་པ་དང་དེའི་ནང་ཞུགས་མཁན་མི་ཐེངས་ཁྲི་51ལོན་གྱི་ཡོད། མི་རིགས་དང་དམངས་ཁྲོད་རིག་གནས་སྔོག་འདོན་དང་དར་སྤེལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་དམངས་གཞས་འཚོལ་བསྡུ་བྱས་ནས 《ཉིང་ཁྲིའི་དགའ་འབོད 》དང 《ཀོང་པོའི་དམངས་གཞས 》ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་ཡོད། སྤྱི་སྤྱོད་རིག་གནས་མ་ལག་གི་མ་དངུལ་དང་། ཤེས་ལྡན་པ། ལག་རྩལ་བཅས་འགན་ལེན་བྱུང་བ། ཉིང་ཁྲི་ས་ཁུལ་གྱིས་སྔ་ཕྱི་བར་གསུམ་དུ་སྤྱི་སྤྱོད་རིག་གནས་མ་ལག་འཛུགས་སྐྲུན་དེ་ལས་ཀའི་གཙོ་གནད་དུ་བརྩིས་ཏེ་སྤྱི་སྤྱོད་རིག་གནས་ཞབས་ཞུར་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ད་ཕན་ལོ་གསུམ་རིང་ས་ཁུལ་ནོར་སྲིད་ཀྱིས་ཁྱོན་བསྡོམས་ཆེད་དངུལ་སྒོར་ཁྲི་2600ལྷག་ཙམ་བཏང་ཡོད། ས་ཁུལ་ཕྱི་ནང་དུ་དུས་ཐུང་ལས་སྒོའི་གསོ་སྦྱོང་བྱས་ཏེ་ལོ་ལྟར་ས་ཁུལ་དང་། རྫོང་། ཤང་བཅས་ཀྱི་རིག་གནས་ལས་དོན་པ་ལས་བྲལ་གསོ་སྦྱོང་ནང་ཞུགས་པའི་དུས་ཚོད་ཉིན་45དང་། ཉིན་30 ཉིན་7བཅས་སོ་སོར་ཟིན་གྱི་ཡོད།
སྤྱི་སྤྱོད་རིག་གནས་ཞབས་ཞུའི་མ་ལག་གི་ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ། ཉིང་ཁྲི་ས་ཁུལ་གྱིས་སྐུད་མེད་གློག་དང་། སྐུད་ཡོད་བརྒྱུད་སྐྱེལ། སྲུང་སྐར་བསྡུ་ལེན་སོགས་ལག་རྩལ་གྱི་བྱ་ཐབས་སྣ་ཚོགས་སྤྱད་ནས་གྲོང་གསེབ་ཏུ་རླུང་འཕྲིན་བཪྙན་འཕྲིན་ཁྱབ་རྒྱ་ཆེ་རུ་གཏོང་བ་རེད། མིག་སྔའི་བར་ཉིང་ཁྲི་ས་ཁུལ་གྱིས་བཪྙན་འཕྲིན་ལས་ཁུངས་1དང་། བཪྙན་འཕྲིན་བརྒྱུད་གཏོང་ས་ཚིགས་15 རླུང་འཕྲིན་བརྒྱུད་གཏོང་ས་ཚིགས་11 གྲོང་གསེབ་ཀྱི་བརྒྱུད་གཏོང་ས་ཚིགས་730བཅས་བཙུགས་པས་རླུང་འཕྲིན་དང་བཪྙན་འཕྲིན་ཁྱབ་ཚད་94.6%དང་94.01%སོ་སོར་ཟིན་པ་རེད། རླུང་འཕྲིན་བཪྙན་འཕྲིན “བོད་ཤིན་འདུ་འགོད ”བརྒྱུད་གཏོང་ལེགས་པར་བྱེད་པ་དང་གྲོང་གསེབ་ཏུ་ལོ་ལྟར་ཞིང་འབྲོག་མང་ཚོགས་ལ་གློག་བཪྙན་ཐེངས་14000ལྷག་ཙམ་བསྟན་པའི་ནང་གྲོང་གསེབ་ཏུ་གྲངས་གཞི་ཅན་གྱི་གློག་བཪྙན་སྟོན་ཚད་90%ཡན་ཟིན་ཏེ་ལོ་ལྟར་གློག་བཪྙན་སྟོན་པའི་དམིགས་ཚད་ཚད་ལས་བརྒལ་ནས་ལེགས་སྒྲུབ་བྱས་པ་རེད།