བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་དཔལ་འབར་ནས་གློག་འཕྲིན་འབྱོར་གསལ། ཆབ་མདོ་ས་ཁུལ་གྱིས “བརྒྱ་སྟོང་ཁྲིའི་འདུ་འགོད ”བྱེད་སྒོ་སྤེལ་ཚུན་དཔལ་འབར་རྫོང་གི་རིམ་ཁག་ལས་བྱེད་པས་རང་འགུལ་ངང་མང་ཚོགས་ཀྱི་ཁྲོད་དུ་བསྐྱོད་དེ་བློ་དཀར་སེམས་དཀར་དང་། ལྷད་མེད་བརྩེ་སེམས། ལྷག་བསམ་རྣམ་དག་བཅས་ཀྱི་ཐོག་ནས་མང་ཚོགས་དང་བློ་སེམས་གཅིག་མཐུན་གྱིས་སྤེལ་རེས་བྱས་པ་དང་མང་ཚོགས་ཀྱི་སེམས་ཁྲལ་དང་དཀའ་ངལ་སེམས་རྩ་འཁོལ་པོས་སེལ་བ་རེད།
དཔལ་འབར་རྫོང་ལྷ་རྩེ་ཤང་དུ “བརྒྱ་སྟོང་ཁྲིའི་འདུ་འགོད ”དུ་གདམ་གསེས་བྱས་ནས་བཏང་བའི་ལས་བྱེད་པ་དང་ཤང་ཡོངས་ཀྱི་ལས་བྱེད་དང་ལས་བཟོས་འཚོ་བར་དཀའ་ངལ་ཡོད་པའི་མང་ཚོགས་ཁྱིམ་དུད་23ལ་ཞལ་འདེབས་སྒོར་1400བརྒྱབ་པ་དང་དུས་མཚུངས་འབྲས་དང་། གྲོ་ཞིབ་དོ་པོ་20ཐབས་ཤེས་བྱས་ནས་མང་ཚོགས་འགའི་འཚོ་བ་ལེགས་སུ་བཏང་བ་རེད། སྙེ་མོ་ཤང་དུ་ལས་བྱེད་པ་དེ་དག་གིས་སྙེ་མོ་ཤང་གཡེར་ཁ་གྲོང་ཚོའི་དབུལ་ཕོངས་ཁྱིམ་ཚང་ཁྲི་མཚོ་མོའི་ཁྱིམ་དུ་དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད་པ་དང་། འཚོ་བའི་ཆ་རྐྱེན་ཞན་པ། ཐོན་སྐྱེད་རྒྱུན་ལྡན་ངང་བྱ་ཐབས་བྲལ་བའི་གནས་ཚུལ་ཤེས་རྟོགས་བྱུང་རྗེས་ཁོ་མོ་དཀའ་ངལ་ཤིན་ཏུ་ཆེ་བའི་རོགས་སྐྱོར་གྱི་ཚོད་ལྟའི་ཁྱིམ་ཚང་དུ་བརྩིས་ཏེ་ཁོང་གི་བསམ་ཕྱོགས་བཤངས་ནས་དབུལ་བཅོས་ཕྱུག་འགྱུར་བྱེད་རོགས་བྱས་པ་རེད། མངགས་གཏོང་བྱས་པའི་ལས་བྱེད་པས་མར་ཤོག་ཤང་དུ་རང་ངོས་ཀྱི་དམིགས་བསལ་ཁྱད་ཆོས་སྤྱད་དེ་སྨན་བཅོས་དང་སྨན་རྫས་སྤྲོད་པའི་བྱེད་སྒོ་སྤེལ་བ་དང་སྨན་བཅོས་བྱེད་པར་ཡོང་མཁན་མང་ཚོགས་མི་ཐེངས་400ལྷག་ལ་སྨན་བཅོས་བྱས་པ་དང་། སྒོར་5000ལྷག་རི་བའི་བོད་སྨན་སྣ་ཁ་40ལྷག་ཙམ་ཉོས་པ་དེ་དག་ས་གནས་དེ་གའི་མང་ཚོགས་ལ་སྨན་ཡོན་མི་དགོས་པར་སྤྲད་པས་མང་ཚོགས་ཀྱིས་ནད་བསྟེན་དཀའ་བ་དང་སྨན་དཀོན་པའི་གནད་དོན་ཐག་གཅོད་ཐུབ་ཡོད་པ་རེད།