དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མེ་ཏོག་ལྷག་པར་མཛེས། མི་རྣམས་བདེ་བར་རོལ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་90%ཡན་ཆད་ལ་རང་ཉིད་ཀྱི་སྡོད་ཁང་མེད་པ་ནས་ཞིང་འབྲོག་མང་ཚོགས་98.7%ལ་རང་ཉིད་ཀྱི་སྡོད་ཁང་ཡོད་པའི་བར་དང་མི་འབོར་གྱི་95%ཡན་བཟུང་བའི་ཞིང་བྲན་དང་བྲན་གཡོག་སློབ་གྲྭར་རྩ་བ་ནས་སྐྱོད་མི་ཐུབ་པ་ནས “གཞི་རྩའི་ཆ་གཉིས ”ཀྱི་འགག་སྒྲོལ་ལས་འགན་སྒོ་ཀུན་ནས་ལེགས་གྲུབ་བྱུང་ཡོད།

        བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60ཡི་རིང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དམངས་འཚོ་འགན་ལེན་དང་དེ་ལེགས་སུ་གཏོང་རྒྱུ་དེ་ལས་དོན་ཐམས་ཅད་ཀྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཏང་དང་སྲིད་གཞུང་གི་ཐུགས་ཁུར་མཚོན་པའི་དམངས་འཚོའི་འདུ་འགོད་དང་དམངས་སེམས་འདུ་འགོད་འབོར་ཆེན་ཞིག་ལག་ལེན་བསྟར་བས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཚོར་དྲོ་སྐྱིད་དང་སྐུལ་མ་ཟབ་མོ་ཐེབས་ཡོད།

        སློབ་གསོར “སློབ་ཡོན་མི་དགོས་པ ”ཞེས་པ་དེ་དམངས་འཚོའི་རྟག་ཏུ་གླེང་བའི་ཐ་སྙད་ཅིག་ཏུ་གྱུར་པ།

        བོད་ཪྙིང་པར་དེང་རབས་ཀྱི་དོན་སྙིང་ལྡན་པའི་སློབ་གསོ་མེད་པས་ཡིག་རྨོངས་བ་95%ཡན་ཟིན་པ་དང་སློབ་གྲྭར་ཞུགས་ཚད་2%ལས་ཟིན་གྱི་མེད། ཞི་བས་བཅིངས་འགྲོལ་བཏང་རྗེས་བོད་མི་དམངས་ལ་སློབ་གསོ་དང་ལེན་བྱེད་པའི་ཁེ་དབང་འགན་ལེན་ནུས་ལྡན་བྱུང་ཡོད། ད་ཆ་རྒྱལ་ཁབ་ཀྱིས་མ་དངུལ་ཕོན་ཆེན་བཏང་ནས་སློབ་གསོ་གཉེར་བ་དང་སློབ་གསོ་རྒྱ་ཁྱབ་ཏུ་ཁྱབ་གདལ་བྱུང་བ་མ་ཟད། ལྗོངས་དེ་ཡོངས་ཀྱི་རྫོང (གྲོང་ཁྱེར་དང་ཆུས )ལ་ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་རྒྱུ་ལེགས་གྲུབ་བྱུང་ཡོད།

        སྤྱིར་བཏང་སློབ་གསོ་དང་། བུ་བཅོལ་སློབ་གསོ། དར་མའི་སློབ་གསོ། ལས་རིགས་སློབ་གསོ། དམིགས་བསལ་སློབ་གསོ། མཐོ་རིམ་སློབ་གསོ་བཅས་འཐུས་སྒོ་ཅུང་ཚང་བའི་སློབ་གསོའི་མ་ལག་ཆགས་ཡོད།

        2010ལོའི་ལོ་མཇུག་བར་ལྗོངས་ཡོངས་སུ་སྤྱིར་བཏང་མཐོ་རིམ་སློབ་གྲྭ་6དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་31827ཡོད་པ་དེའི་ནང་ཞིབ་འཇུག་སློབ་མ་718ཡོད་པ་དང་། འབྲིང་རིམ་ལས་རིགས་སློབ་གྲྭ་6དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་22613ཡོད་པ། མཐོ་རིམ་སློབ་འབྲིང་20དང་། ཆ་ཚང་སློབ་འབྲིང་9 དམའ་རིམ་སློབ་འབྲིང་93 སློབ་ཆུང་872བཅས་ཡོད། སློབ་ཆུང་དུ་སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་99.2%ཟིན་པ་དང་དར་གཞོན་ཡིག་རྨོངས་བ་1.2%བར་ཆག་ཡོད། 1985ལོ་ནས་བཟུང་ཀྲུང་དབྱང་སྲིད་གཞུང་གིས་ནང་སའི་ཞིང་ཆེན (གྲོང་ཁྱེར )21ལ་བོད་ལྗོངས་འཛིན་གྲྭ (སློབ་གྲྭ )བཙུགས་ནས་བོད་ལ་སློབ་གྲྭ་ཆེ་འབྲིང་གི་སློབ་ཐོན་སློབ་མ་ཁྲི་2ལྷག་ཙམ་གསོ་སྦྱོང་བྱས་ཡོད།

        2007ལོའི་སྟོན་དུས་སུ་རང་ལྗོངས་ཀྱིས་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ལ་སློབ་ཡོན་མི་དགོས་པའི་འོས་འགན་སློབ་གསོ་ལག་ལེན་བསྟར་བའི་རྨང་གཞིའི་ཐོག་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ཚང་མར་སློབ་ཡོན་མི་དགོས་པའི་སློབ་གསོ་ལག་ལེན་བསྟར་བ་རེད།

        འདི་ལོའི་ཟླ་1ཚེས་1ཉིན་ནས་བཟུང་རང་ལྗོངས་ཀྱིས་སློབ་གསོའི “འགན་ལེན་གསུམ ”གྱི་ཚད་གཞི་མཐོ་རུ་ཐེངས་དགུ་པ་བཏང་བ་དང་འབྲེལ་སློབ་མའི་རོགས་དངུལ་སྲིད་ཇུས་ཐད་ལེགས་སྒྲིག་འོས་འཚམས་ཀྱང་བྱས་ཡོད། སློབ་ཞུགས་གོང་གི་སློབ་གསོའི་དུས་རིམ་གྱི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཚོའི་བུ་ཕྲུག་གི་རོགས་དངུལ་ཚད་གཞི་དང “འགན་ལེན་གསུམ ”གྱི་ཚད་གཞི་སྒོར་2000བར་མཐོ་རུ་བཏང་བ་ཕུད་མཐོ་རིམ་སློབ་འབྲིང་དུ་སློབ་སྦྱོང་བྱེད་མཁན་ཞིང་འབྲོག་མང་ཚོགས་ཀྱི་བུ་ཕྲུག་ཀྱང་སློབ་གསོའི “འགན་ལེན་གསུམ ”གྱི་ཁྱབ་ཁོངས་ནང་བཅུག་ཡོད། སློབ་ཞུགས་གོང་གི་སློབ་གསོ་དང་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུ་ཕྲུག་ལ་ལོ་ལྟར་རོགས་དངུལ་སྒོར་2000གི་སྲིད་ཇུས་ལོངས་སྤྱོད་བྱེད་འགོ་ཚུགས་པ་རེད།

        བོད་ཀྱི་སློབ་གསོའི “འགན་ལེན་གསུམ ”གྱི་སྲིད་ཇུས་གསར་པ་ལག་ལེན་བསྟར་རྗེས་ཕན་པ་ཐོབ་མཁན་དེ་སྔའི་སློབ་མ་ཁྲི་27ནས་ཁྲི་50ལྷག་ཙམ་བར་མང་དུ་སོང་བ་དང་བོད་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་98%ཡན་ལ་སྲིད་ཇུས་དེ་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

           རིག་གནས་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བ།

        བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་མེད་སོར་གནས་སུ་ལུས་ནས་ཆོས་ལུགས་ཀྱི་ཞོར་གཏོགས་སུ་གྱུར་ཡོད།

        ལོ་60ཡི་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོངརྒྱུར་ཚད་མཐོའི་མཐོང་ཆེན་གནང་བས་བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ལ་བཅའ་ཁྲིམས་ཀྱི་འགན་ལེན་བྱུང་བ་དང་བོད་ཡིག་དེ་ཆ་འཕྲིན་གྱི་ལག་རྩལ་ལྡན་པ་དང་ཆ་འཕྲིན་བརྗེ་རེས་ཐད་རྒྱལ་སྤྱིའི་ཚད་ལྡན་ཡིག་རིགས་སྒྲིག་ཨང་སྤྱོད་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་པོར་གྱུར་ཡོད།

        རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས་དར་རྒྱས་གོང་འཕེལ་བྱུང་བ་དང་རླུང་འཕྲིན་བཪྙན་འཕྲིན་གྲོང་ཚོ་ཚང་མར་ཁྱབ་པ་དང་། དུད་ཚང་ཚང་མར་ཁྱབ་པ། རིག་གནས་ཆ་འཕྲིན་གྱི་ཐོན་ཁུངས་མཉམ་དུ་སྤྱོད་པ། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིག་གནས་ཁང་སོགས་རིག་གནས་དམངས་ཕན་གྱི་འདུ་འགོད་ལག་ལེན་བསྟར་བས་ཕྱོགས་བསྡུས་རིག་གནས་བྱེད་སྒོ་དང་རྫོང་རིམ་པའི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་དུ་སྤྱོད་རྒྱུ་སྒོ་ཀུན་ནས་ཁྱབ་སྟེ་ས་གནས་ཀྱི་ཁྱད་ཆོས་དང་། མི་རིགས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་བཅས་མངོན་གསལ་དོད་པའི་རིག་གནས་བརྩམས་ཆོས་འབོར་ཆེན་ཞིག་བརྩམས་པ་དང་རིག་རྩལ་བརྩམས་ཆོས་ཀྱི་ཐོན་ཚད་དང་སྤུས་ཚད་ཆེས་ཆེར་གོང་མཐོར་སོང་བ་མ་ཟད་2010ལོར་ལྗོངས་ཡོངས་སུ་རླུང་འཕྲིན་བཪྙན་འཕྲིན་མི་འབོར་ལ་ཁྱབ་ཚད་90.3 %དང་91.4%ཟིན་ཡོད།

         ཞིང་འབྲོག་ཁུལ་དུ་སྨན་ཡོན་མི་དགོས་པའི་སྨན་བཅོས་ལམ་ལུགས་མངོན་འགྱུར་བྱུང་བ།

        བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་བོད་ལ་སྨན་བཅོས་སྒྲིག་གཞི་གཉིས་ཁོ་ན་ལས་མེད་པ་ནི་ལྷ་ས་སྨན་རྩིས་ཁང་དང་ལྕགས་པོ་རི་རིག་བྱེད་འགྲོ་ཕན་གླིང་དེ་ཡིན་ཞིང་། སྤྱིར་བཏང་གི་བོད་རིགས་མང་ཚོགས་ལ་ནད་གཞི་ཕོག་སྐབས་ལས་ལ་གང་བསྐོས་ལས་བྱེད་ཐབས་བྲལ་བ་དང་སྦྲུམ་མ་དང་དམར་འབྱར་འཆི་ཚད་ཧ་ཅང་མཐོ་ལ་ཆ་སྙོམས་མི་རེའི་ཚེ་ཚད་ལོ་35.5ཁོ་ན་ལས་མེད།

        ཞི་བས་བཅིངས་འགྲོལ་བཏང་ཚུན་རྒྱལ་ཁབ་ཀྱིས་སྔ་ཕྱི་བར་གསུམ་དུ་བོད་ཀྱི་ཞིང་འབྲོག་པར་དམིགས་བསལ་གྱི་སྨན་ཡོན་མི་དགོས་པའི་སྨན་བཅོས་སྲིད་ཇུས་ལག་ལེན་བསྟར་བ་དང་སྨན་ཡོན་མི་དགོས་པའི་སྨན་བཅོས་ཁ་གསབ་ཚད་གཞི་ལོ་རེ་བཞིན་སྤར་ཡོད། ད་ལྟ་བོད་དུ་ཀྲུང་ལུགས་དང་། ཕྱི་ལུགས། བོད་ལུགས་གསོ་རིག་བཅས་ཟུང་འབྲེལ་གྱི་ལྷ་ས་ལྟེ་གནས་སུ་བྱས་པ་དང་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་དྲ་བ་བཙུགས་ཡོད།

        པ་སངས་ཀྱིས་ང་ནི་གྲོང་གསེབ་ཀྱི་ཐེམ་ཐོ་ཡོད་པ་ཞིག་ཡིན། གལ་སྲིད་ཆམ་པ་ཕོག་ནས་གྲོང་ཚོའི་སྨན་ཁང་དུ་བསྐྱོད་པར་ཨང་ཀི་ལེན་པའི་འགྲོ་གྲོན་སྒོར་གཅིག་གཏོང་དགོས་པ་ལས་སྨན་ཆུ་བླུགས་པ་དང་སྨན་སྤྲད་པ་ཚང་མར་སྨན་ཡོན་དགོས་ཀྱི་མེད་ཅེས་བཤད། སྨན་ཡོན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དེ་བོད་ཡོངས་ཀྱི་ཞིང་འབྲོག་པར་ལོངས་སྤྱོད་བྱ་རྒྱུ་ཡོད།

        ལྗོངས་ཡོངས་སུ་རྫོང་གི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་72དང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་682བཙུགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་རིམ་བཞིན་འཐུས་ཚང་དུ་སོང་ཞིང་2010ལོར་བོད་ཀྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་1352བར་འཕེལ་རྒྱས་ཕྱིན་པ་དང་སྦྲུམ་མ་འཆི་ཚད་1959ལོའི་མི་ཁྲི་10ཡི་ནང་5000འཆི་བ་ནས་མི་ཁྲི་10ཡི་ནང་174.78འཆི་བའི་བར་ཆག་པ་དང་ཕྲུ་གུ་དམར་འབྱར་དང་བྱིས་པ་འཆི་ཚད་430‰ནས་20.69‰བར་ཆག་ཡོད་ལ་ཆ་སྙོམས་མི་རེའི་ཚེ་ཚད་དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་པའི་ལོ་35.5ནས་ལོ་67བར་རིང་དུ་ཕྱིན་ཡོད། བོད་ཪྙིང་པར་མི་འབོར་འཕར་འགོར་བ་དང་དུས་རབས་གོང་མའི་ལོ་རབས་ལྔ་བཅུ་པའི་གོང་གི་ལོ་200ལྷག་ཙམ་རིང་མི་འབོར་ཡུན་རིང་ཁྲི་100ཙམ་དུ་གནས་ཡོད། ཡིན་ནའང་ལོ་60ཡི་རིང་བོད་ཀྱི་མི་འབོར་ཁྲི་300བར་མང་དུ་ཕྱིན་ནས་ལྡབ་2འཕར་ཡོད།

        2010ལོར་རིམ་ཁག་ནོར་སྲིད་ཀྱིས་ཞིང་འབྲོག་པར་སྤྲད་པའི་སྨན་ཡོན་མི་དགོས་པའི་སྨན་བཅོས་ཁ་གསབ་ཀྱི་ཚད་གཞི་ལོར་ཆ་སྙོམས་མི་རེར་སྒོར་180ཟིན་ཞིང་། སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཞིང་འབྲོག་པའི་སློབ་མ་དང་། གྲྭ་བཙུན། ཞིང་འབྲོག་ལས་མི། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་བཅས་ཚང་མར་སྨན་ཡོན་མི་དགོས་པའི་སྨན་བཅོས་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་སྨན་ཡོན་མི་དགོས་པའི་གཏོང་ཆ་མང་ཤོས་ཀྱི་ཚད་གཞི་དེས་ལོར་ཆ་སྙོམས་མི་རེའི་ཡོང་འབབ་ཁེ་གཙང་གི་ལྡབ་6ཟིན་གྱི་ཡོད།

           བདེ་སྡོད་ལས་གྲྭས་ཁྱིམ་ཚང་ཁྲི་སྟོང་མང་པོར་བདེ་སྐྱིད་བསྐྲུན།

        2006ལོའི་ཟླ་བ་དང་པོ་ནས་བོད་དུ་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ནུས་ཤུགས་ཡོད་རྒུས་གཉེར་བ་མ་ཟད། ཞིང་པའི་ཁང་པའི་ཡོམ་འགོག་བརྟན་གཏོང་ལས་གྲྭ་དང་། གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་སྒྱུར་བཀོད་ཚོད་ལྟ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྲུན། ཁོར་ཡུག་བཅོས་སྒྲིག་ལས་གྲྭ་བཅས་ལག་ལེན་བསྟར་ནས་ཞིང་དུད་ལ་དོན་འཁྱོལ་བརྒྱད་ཀྱི་ལས་གྲྭར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། 2010ལོའི་ལོ་མཇུག་བར་བོད་དུ་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་170བཏང་སྟེ་ལྗོངས་ཡོངས་ཀྱི་སྡོད་ཁང་ཆ་རྐྱེན་ཅུང་ཞན་པའི་དུད་ཚང་ཁྲི་27.48དང་ཞིང་འབྲོག་པ་ཁྲི་143བདེ་འཇགས་ལྡན་ལ་སྤྱོད་གོ་ཆོད་པའི་ཁང་པའི་ནང་སྡོད་ཐུབ་པ་བྱུང་སྟེ་དུས་བཀག་ལས་ལོ་གཅིག་གི་སྔོན་དུ་འཆར་གཞིའི་དམིགས་ཚད་བསྒྲུབས་ཡོད།

        ལོ་60འབད་བརྩོན་བྱས་པ་བརྒྱུད་བོད་ཀྱི་རྒྱ་ཆེའི་མང་ཚོགས་ཚོའི་སྡོད་ཁང་གི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཞིང་། མང་ཚོགས་མང་པོ་ཞིག་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་སྡོད་ཁང་གང་ཡང་མེད་པའམ་ཡང་ན་རྩྭ་ཆུ་དང་བསྟུན་ནས་གནས་སྤོ་དགོས་པའི་སྐྱས་སྤོས་ཀྱི་བྱེད་སྟངས་ནས་ད་ཆ་གུ་ཡངས་ལ་དཀར་ཆ་དོད་པའི་སྡོད་ཁང་དུ་སྡོད་རྒྱུ་བྱུང་བ་མ་ཟད་མི་ཕྱུགས་ལོགས་དབྱེ་དང་། གློག་སྒྲོན་དང་ཁ་པར་སྤྱོད་རྒྱུ་བྱུང་ལ་རླུང་འཕྲིན་ཉན་རྒྱུ་དང་བཪྙན་འཕྲིན་བལྟ་རྒྱུ་ཡང་བྱུང་ཡོད།

         གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་ལག་ལེན་བསྟར་འགོ་ཚུགས་པ།

        ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཚན་རིག་དང་མཐུན་པའི་སྨན་བཅོས་རྒན་གསོའི་འགན་བཅོལ་མ་ལག་ཧུར་བརྩོན་ཆེན་པོས་ཚོད་ཞིབ་བྱས་ནས་བཙུགས་པ་དང་ཚན་རིག་དང་མཐུན་པའི་འགན་སྲུང་མ་ལག་ལ་བརྟེན་ནས་དམངས་འཚོ་ལེགས་སུ་གཏོང་བའི་བདེ་འཇགས་ཁུལ་ཞིག་བཙུགས་ཡོད། བསྡོམས་རྩིས་ལ་གཞིགས་ན། བོད་ཀྱིས་སྔ་རྗེས་སུ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་ཚོའི་རྩ་བའི་རྒན་གསོའི་དངུལ་གྱི་ཚད་གཞི་ཐེངས་མང་ལེགས་སྒྲིག་བྱས་པ་དང་སྦྲགས་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ཡོད་པས་ས་མཐོའི་ཞིང་འབྲོག་པ་ཚོར་ལས་འཁྱུར་ངལ་གསོའི་དངུལ་ཡོད་ལ་ལོ་ཧྲིལ་པོ་60ཡན་ལ་སླེབས་པའི་རྒན་རྒོན་རེར་ཟླ་རེར་རྨང་གཞིའི་རྒན་གསོའི་དངུལ་སྒོར་55ལེན་རྒྱུ་བྱུང་ཡོད།

        2010ལོའི་ཟླ་2ཚེས་3ཉིན་རང་ལྗོངས་ཀྱིས་གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་རྨང་གཞིའི་རྒན་གསོའི་དངུལ་ཁག་དང་པོ་སྤྲད་པ་དེ་ཐོག་ནས་གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་དེ་བོད་དུ་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་མཚོན་ཡོད།

        2010ལོའི་ཟླ་བ་བཅུ་གཅིག་པའི་ཟླ་སྨད་བར་བོད་ཀྱི་རྫོང (གྲོང་ཁྱེར་དང་ཆུས )73ཚང་མ་གྲོང་གསེབ་སྤྱི་ཚོགས་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟའི་ཁྱབ་ཁོངས་ནང་བཅུག་པ་དང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཏོན་པའི་དམིགས་ཚད་ལས་འགན་དུས་བཀག་ལས་ལོ་གཉིས་ཀྱི་གོང་དུ་བསྒྲུབས་ཡོད།

        བོད་ལ་འགྱུར་ལྡོག་བྱུང་བ་དེས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོའི་ལས་དབང་ལ་འགྱུར་ལྡོག་བཏང་སྟེ་དེང་རབས་ཤེས་དཔལ་གྱི་མེ་སོན་དེ་གངས་ལྗོངས་ས་མཐོར་ཁྱབ་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་ཡར་ཐོན་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། ད་ཆ་བོད་འདི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ནས་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་པའི་ལེའུ་གསར་པ་ཞིག་རྩོམ་བཞིན་ཡོད།

        འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་གི་བགྲེས་སོང་ཚེ་རིང་དབང་འདུས་ཀྱིས་བླངས་པའི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་གསར་པའི་དངུལ་དེ་སྤྲོ་སྣང་ཆེན་པོའི་ངང་རྩིས་རྒྱག་བཞིན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།