དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བྱ་སྤྱོད་སྤེལ་ནས་གནའ་གྲོང་མཛེས་པར་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ཉེ་བའི་ལོ་ཤས་ནང་ལྷ་ས་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ “དྲུག་ལྡན་གྲོང་ཁྱེར་གཏོད་རྒྱུར ”ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་དམིགས་བསལ་ཁྱད་ཆོས་མངོན་པ་བྱས་པ་དང་ཆབས་ཅིག་ད་ཆ་གཙང་འཕྱཌ་ཀྱི་བྱེད་སྒོ་རྒྱུན་དུ་སྤེལ་ཏེ་རྒྱ་ཆེའི་ཡུལ་སྐོར་བར་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་པ་རེད། འདི་ནི་བརྗིད་ཉམས་ལྡན་པའི་ཕོ་བྲང་པོ་ཏ་ལའི་མདུན་ངོས་ཀྱི་བཀོད་པ་ལེགས་ལ་གཙང་སྦྲ་དོད་པའི་གཞུང་ལམ་གྱི་ཟུར་ཞིག་ཡིན་པ།

        འདི་ནི་ཁོར་ཡུག་འཕྲོད་བསྟེན་བཟོ་པས་གྲོང་ཁྱེར་དང་གྲོང་གསེབ་འབྲེལ་མཚམས་སུ་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་གད་སྙིགས་གཙང་མ་བཟོ་བའི་གནས་ཚུལ་ཡིན་པ།

        “མིག་སྔར་ཡུལ་སྐོར་སྤྲོ་འཆམ་བྱེད་མཁན་མང་བའི་དུས་སུ་སླེབས་པར་བརྟེན་འགྲོ་འོང་བྱེད་མཁན་རླངས་འཁོར་ཡང་མང་དུ་སོང་བས་གཙང་སྦྲ་བྱས་ནས་ཡུན་རིང་མ་སོང་བའི་གཞུང་ལམ་ཐོག་རླངས་འཁོར་ཐོག་ནས་དབྱུགས་པའི་གད་སྙིགས་ཀྱིས་ཁེངས་ཡོད ” ཉེ་ཆར་ལྷ་ས་གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེང་ཀོན་ཆུས་ཀྱི་ཆུས་ཀྲང་ཞེ་ཐིང་ཤིས་ཀྱིས་གཙོ་སྐྱོང་གནང་བའི་ཁྲེང་ཀོན་ཆུས་ཀྱི་2011ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ཕྱོགས་སྡོམ་ཚོགས་འདུའི་ཐོག་ཤང་ཁག་དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ། ཆེད་དོན་བཅོས་སྐྱོང་ལས་དོན་ཚོགས་ཆུང་བཅས་ཀྱིས་མིག་སྔའི་ལས་དོན་གྱི་གྲུབ་འབྲས་དང་ལྷག་པའི་གནད་དོན་ཕྱོགས་སྡོམ་བྱས་པ་རེད།

        བཅོས་སྐྱོང་བྱས་ནས་ཕན་འབྲས་རགས་ཙམ་ཐོན་པ།

        གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྐོར་གྱི་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གི་བླང་བྱ་གཞིར་བཟུང་། ཤང་ཁག་དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ། ཆེད་དོན་བཅོས་སྐྱོང་ལས་དོན་ཚོགས་ཆུང་བཅས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་གྱི་ཇུས་གཞི་བཟོ་བ་དང་། བཅོས་སྐྱོང་གི་ནང་དོན་ཁ་གསལ་དུ་གཏོང་བ། བཅོས་སྐྱོང་གི་བླང་བྱ་བཏོན་པ་བཅས་བྱས་པ་རེད། དེའི་ནང་ནས་རྗེ་འབུམ་སྒང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་དམིགས་བསལ་གྱི་ལས་རིགས་དང་། ཁྲིམས་འགལ་གྱི་སྐྲུན་དངོས། ཁྲོམ་སྟེགས་དོ་དམ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན། ཕྱོགས་མི་དང་སྤྲང་པོ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་སྒྲིག་ལམ། དྲིལ་བསྒྲགས་བྱེད་སྒོ ཁོར་ཡུག་འཕྲོད་བསྟེན་བཅས་བརྗོད་བྱ་གཙོ་བོར་བྱེད་པའི་བཅོས་སྐྱོང་ཚོགས་ཆུང་བརྒྱད་ཆེད་མངགས་བཙུགས་པ་དང་འབྲེལ་ཕན་འབྲས་ཀྱང་རགས་ཙམ་ཐོན་པ་རེད།

        དམིགས་བསལ་གྱི་ལས་རིགས་བཅོས་སྐྱོང་ཚོགས་ཆུང་གིས་གཙོ་བོ་ཡིག་གཏག་པར་བཤུའི་ལས་རིགས་དང་སྒྲ་བཪྙན་བཟོ་བའི་ལས་རིགས་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཐོག་ལྷ་ས་གྲོང་ཁྱེར་རིག་གནས་ཅུས་དང་ཁྲེང་ཀོན་ཆུས་སྤྱི་བདེ་ཡན་ལན་ཅུས་བདེ་འཇགས་རུ་ཆེན་དང་མཉམ་འབྲེལ་བྱས་ཏེ་སྒྲ་བཪྙན་བཟོས་རྫས་ཕྱིར་ཚོང་ཐད་གཙང་བཤེར་བྱས་པ་རེད། བསྡོམས་རྩིས་བརྒྱབ་པ་བརྒྱུད་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་སྤེལ་བ་ནས་བཟུང་རྗེ་འབུམ་སྒང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་པར་དབང་ལྐོག་སྤྱོད་བྱས་པའི་འོད་སྡེར་17073དང་བསྟན་མི་ཆོག་པའི་འོད་སྡེར་138གཞུང་བཞེས་བཏང་བ་དང་ལག་ཁྱེར་ཁ་པར་གྱི་དྲིལ་སྒྲ་ཕབ་ལེན་ཁང་2མེད་པ་བཟོས་ཤིང་། གློག་ཀླད་2གཞུང་བཞེས་བཏང་བ་དང་། ཁྲིམས་འགལ་གྱི་སྐྲུན་དངོས་བཅོས་སྐྱོང་ཚོགས་ཆུང་གིས་ས་ཤིང་དང་། ལྕགས་ཤོག ཧ་ཡང་ལྕགས་བསྲེས་མ་བཅས་ལས་བསྐྲུན་པའི་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་2872.87ཙམ་ཟིན་པའི་ཁྲིམས་འགལ་སྐྲུན་དངོས་367གཙང་བཤེར་བྱས་པ། ཁྲོམ་སྟེགས་དོ་དམ་བཅོས་སྐྱོང་ཚོགས་ཆུང་གིས་པེ་ཅིང་ཤར་ལམ་མ་ལམ་རྒྱུད་ཀྱི་ཚོང་ཁང་གི་སྒོ་བྱང་ཚད་ལྡན་དུ་གཏོང་བ་དང་བརྗེ་པོ་རྒྱག་པ་དང་། བགྲོད་ལམ་བཟུང་བའི་ཁྲོམ་སྟེགས་མེད་པ་བཟོས་པ། རླངས་འཁོར་གང་བྱུང་དུ་འགོག་མང་བའི་ས་ཁོངས་ལ་བཅོས་སྐྱོང་བྱས་པ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཚོགས་ཆུང་གིས་ཁོངས་གཏོགས་ས་ཁུལ་གྱི་སྒོ་ར་ཁག་གི་མེ་གསོད་ཡོ་བྱད་བརྗེས་པ་དང་དོ་དམ་བྱེད་མཁན་མི་དམངས་ཉེན་རྟོག་པ་དང་མཉམ་དུ་ཁོངས་གཏོགས་ས་ཁུལ་གྱི་སྒོ་ར་ཁག་ཏུ་བསྐྱོད་དེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཡོད་པ་དང་བགྲོད་ལམ་བཟུང་བའི་ཁྲིམས་འགལ་སྐྲུན་དངོས་ལ་ཞིབ་བཤེར་བྱས་པ། ཁོར་ཡུག་འཕྲོད་བསྟེན་བཅོས་སྐྱོང་ཚོགས་ཆུང་གིས་ཁྲོམ་གཞུང་གི་ཚོང་ཁང་དང་། སྲང་ལམ། གྲོང་མིའི་སྒོ་ར། ཁུག་ཀྱོག་བཅས་སུ་གཙང་སྦྲ་བྱས་པ་དང་འབྲེལ་ཆུ་གཏོར་རླངས་འཁོར་གྱིས་སྲམ་ལམ་དང་ཁྲོམ་གཞུང་གི་རྡོ་གཅལ་བཀྲུས་པ་དང་སྐྱོན་ཤོར་བའམ་ཡང་ན་བརླག་པའི་ཆུ་འགྲོའི་ཁེབས་ཉམས་བཟོའམ་ཡང་ན་གསར་པ་བརྗེས་པ་རེད།

        དཀའ་ཚེགས་ཆེ་སར་དམིགས་ནས་བཅོས་སྐྱོང་བྱས་པ།

        ཚོགས་འདུའི་ཐོག་ཤང་ཁག་དང་། ཁྲོམ་གཞུང་དོན་གཅོད་ཁྲུའུ། ཆེད་དོན་བཅོས་སྐྱོང་ལས་དོན་ཚོགས་ཆུང་བཅས་ཀྱིས་མིག་སྔའི་བཅོས་སྐྱོང་ལས་དོན་ཐད་འཕྲད་པའི་ཐུན་མོང་གི་དཀའ་གནད་བཏོན་པ་སྟེ། མཚན་མོར་ས་རོ་རྡོ་རོ་འབྱོ་བ་དང་འགྲོ་འོང་བྱེད་མཁན་རླངས་འཁོར་གྱིས་གད་སྙིགས་གང་བྱུང་དུ་དབྱུགས་པའི་གནས་ཚུལ་དེ་རེད།

        ཉང་བྲན་ཤང་དང་། དོག་སྡེ་ཤང་། རྔ་ཆེན་ཤང་སོགས་ཤང་ཁག་དང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ཉིན་མོར་གཙང་མ་བཟོས་པའི་ས་ཆ་སྟོང་པའི་ཐོག་མཚན་གཅིག་ནང་ཨར་ལས་གད་སྙིགས་མང་པོ་དབྱུགས་ཡོད་པས་ས་ཆ་སྟོང་པ་དེ་དག་ཨར་ལས་གད་སྙིགས་དབྱུགས་སར་གྱུར་ནས་སྔོན་བྱས་ཚང་མ་རྐང་རྗེས་ལག་སུབ་ཏུ་གྱུར་གྱི་ཡོད། ཆུས་ཀྲང་ཞེ་ཐིང་ཤིས་ཀྱིས་གནས་ཚུལ་དེའི་ཚབས་ཆེའི་རང་བཞིན་ཤེས་རྗེས་ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ས་རོ་རྡོ་རོ་འབྱོ་བའི་གནས་ཚུལ་བརྟག་དཔྱད་གཞུང་དོན་ཁང་དང་འབྲེལ་གཏུག་མཉམ་ལས་བྱས་ནས་བཅོས་སྐྱོང་ལས་དོན་གྱི་ཪྙིང་ཆེ་དཀའ་གསུམ་གྱི་གནད་དོན་ཐག་གཅོད་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།

        གད་སྙིགས་གང་བྱུང་དུ་དབྱུགས་པའི་སྣང་ཚུལ་ལ་དམིགས་ཏེ་ཞེ་ཐིང་ཤིས་གྲོང་ཚོ་དང་དུད་ཚང་ཁག་ཏུ་བསྐྱོད་དེ་རྣམ་པ་སྣ་ཚོགས་ཀྱི་ཁོར་ཡུག་འཕྲོད་བསྟེན་དྲིལ་བསྒྲགས་ལས་དོན་སྤེལ་ནས་གྲོང་མིའི་ཁོར་ཡུག་འཕྲོད་བསྟེན་སྲུང་སྐྱོང་གི་འདུ་ཤེས་ཆེ་རུ་བཏང་སྟེ་དམངས་ཡོངས་ཀྱིས་མཛེས་སྡུག་ལྡན་པའི་ཕ་ཡུལ་ཐུན་མོང་ཐོག་འཛུགས་སྐྲུན་བྱེད་དུ་འཇུག་དགོས་ཞེས་བཏོན་གནང་བ་རེད།

        ས་རོ་རྡོ་རོ་དོ་དམ་བརྟག་དཔྱད་གཞུང་དོན་ཁང་གིས་གཞོགས་འདེགས་ཧུར་ཐག་བྱས་པ།

        ལྷ་ས་གྲོང་ཁྱེར་ཁོར་ཡུག་སྲུང་སྐྱོང་ཅུས་ས་རོ་རྡོ་རོ་དོ་དམ་བརྟག་དཔྱད་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་གིས་བཤད་པར་གཞིགས་ན། ཟླ་5ཚེས་4ཉིན་ནས་བཟུང་ལྷ་སའི་ཁོར་ཡུག་འཕྲོད་བསྟེན་ཅུས་ས་རོ་རྡོ་རོ་འབྱོ་བའི་གནས་ཚུལ་བརྟག་དཔྱད་གཞུང་དོན་ཁང་གི་སྐོར་གཡེང་ཚོགས་ཆུང་གིས་ཉིན་ལྟར་ཆུ་ཚོད་12ཐོག་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སུ་སྐོར་གཡེང་བྱས་ནས་ཁུག་ཀྱོག་རེ་རེ་ཐོ་བཀོད་པ་དེས་ས་རོ་རྡོ་རོ་འབྱོ་བའི་གནས་ཚུལ་བརྟག་དཔྱད་གཞུང་དོན་ཁང་གི་ལས་ཆོད་ཧ་ཅང་ཆེ་རུ་བཏང་ཡོད་པ་རེད།

        ཉེ་ཆར་ལྷ་ས་གྲོང་ཁྱེར་ཁོར་ཡུག་འཕྲོད་བསྟེན་ཅུས་ས་རོ་རྡོ་རོ་དོ་དམ་བརྟག་དཔྱད་གཞུང་དོན་ཁང་གིས་ཉིན་ལྟར་གཙང་བྲན་ལམ་གྱི་ཨར་ལས་གད་སྙིགས་ཏུན་300 དང་། ཀརྨ་དགོན་གསར་གྱི་ཨར་སྐྲུན་གད་སྙིགས་ཏུན་500 འཇའ་ཚོན་ཆུ་མིག་སྣོད་བཅུད་གླིང་ཉེ་འགྲམ་གྱི་ཨར་ལས་གད་སྙིགས་ཏུན་100 ཁྲེང་ཀོན་ལྡུམ་རའི་ཉེ་འགྲམ་གྱི་ཨར་ལས་གད་སྙིགས་ཏུན་300བཅས་གཙང་མ་བཟོ་གི་ཡོད། སྣེའུ་ཁུལ་གསར་གྱི་ཆུ་རགས་ནས་ལྷ་ས་ཟམ་ཆེན་བར་གྱི་སྤྱི་ལེ་8ཡོད་པའི་ལམ་དུམ་བུའི་ཨར་ལས་གད་སྙིགས་ཏུན་ཁྲི་1གཙང་མ་བཟོས་པ་དང་འབྲེལ་དེ་ཁུལ་དུ་བྱེ་མ་བཏིང་བ་རེད། “མིག་སྔར་ང་ཚོས་བོད་ལྗོངས་སློབ་ཆེན་གསར་པའི་ལམ་གྱི་ས་སྟོང་ཐོག་གི་ཨར་ལས་གད་སྙིགས་གཙང་མ་བཟོ་གི་ཡོད། མཚན་མོ་དེར་རྟག་ཏུ་གད་སྙིགས་འབྱོ་གི་ཡོད་པས་ན་ནིང་ནས་ད་ལོ་བར་ང་ཚོས་གཙང་སྦྲ་ཐེངས་བཅུ་བྱས་ཀྱང་གནས་ཚུལ་དེ་རྩ་བའི་ཐོག་ནས་ཐག་གཅོད་བྱེད་ཐུབ་མེད ”ཅེས་ཟླ་བ་ཚེ་རིང་གིས་བཤད།

        གོང་གསལ་གནད་དོན་དེ་དག་ཐག་གཅོད་བྱ་ཆེད་ས་རོ་རྡོ་རོ་དོ་དམ་བརྟག་དཔྱད་གཞུང་དོན་ཁང་གིས་འཕྲོད་བསྟེན་དོ་དམ་བྱེད་རོགས་བྱེད་མཁན་ཆེད་མངགས་བཏང་ནས་གནད་དོན་ཚབས་ཆེ་བའི་ས་ཁོངས་སུ་ཆུ་ཚོད་24བསྡད་དེ་མཚན་མོར་ས་རོ་རྡོ་རོ་གང་བྱུང་དུ་འབྱོ་བའི་གནས་ཚུལ་མི་ཐོན་པ་བྱས་པ་རེད། “ཟླ་4ཚེས་28ཉིན་ང་ཚོས་འཕྲོད་བསྟེན་དོ་དམ་བྱེད་རོགས་བྱེད་མཁན་7མེ་འཁོར་བབས་ཚུགས་དང་། ཅང་སུའུ་ལམ་ཆེན། གཙང་བྲན་ལམ་སོགས་སུ་སྡོད་དུ་འཇུག་གི་ཡོད། དེར་བསྡད་རྗེས་ས་ཆ་ཁག་གཅིག་གི་ཪྙིང་ཆེ་དཀའ་གསུམ་གྱི་གནད་དོན་རྩ་བའི་ཐོག་ནས་ཐག་གཅོད་བྱུང་བ་དང་གནད་དོན་ཡོད་པའི་ས་ཆ་གཞན་དག་ཏུ་དམངས་ཡོངས་ཀྱིས་ཐུན་མོང་ཐོག་ལྟ་སྐུལ་བྱས་ནས་ང་ཚོའི་ཕ་ཡུལ་ལ་མཉམ་དུ་གཅེས་སྐྱོང་བྱ་རྒྱུའི་རེ་བ་བཏོན་ཡོད ”ཅེས་ཟླ་བ་ཚེ་རིང་གིས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།