དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷོ་ཁ་ས་ཁུལ་བཟོ་ཚོགས་ཀྱིས་ཞིང་པ་ལས་མི་ཁྲི་སྟོང་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད་ཧུར་ཐག་ངང་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། “ཞིང་པ་ལས་མི་ཁྲི་སྟོང་ལ་རོགས་སྐྱོར་བྱེད་པའི་བྱ་སྤྱོད ”སྔར་བས་ཟབ་ཏུ་གཏོང་བ་དང་ཞིང་པ་ལས་མིའི་ངལ་རྩོལ་རྩལ་ནུས་མཐོར་འདེགས་བྱ་ཆེད་ལྗོངས་སྤྱི་ཁྱབ་བཟོ་ཚོགས་དང་དེ་བཞིན་ས་ཁུལ་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་2010ལོ་ནས་བཟུང་ལྷོ་ཁ་ས་ཁུལ་དང་རྫོང་གི་རིམ་གཉིས་བཟོ་ཚོགས་རྩ་འཛུགས་ཀྱིས་སྣམ་བུ་འཐག་པ་དང་། བ་གླང་གི་རྒྱུད་པ་ལེགས་བཅོས། འདེབས་འཛུགས་རྩལ་ནུས། བཟོ་སྐྲུན་ཨར་ལས་དང་དེ་བཞིན་རྫབ་རླངས། ལྷ་འབྲི། སྨྱུག་མའི་ཡོ་བྱད་བཟོ་བ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་སྔ་རྗེས་སུ་ཁྱོན་ཐེངས་12གཉེར་བ་དང་། དེའི་ནང་ཞུགས་མཁན་1000ཡན་ལོན་པ་མ་ཟད། གསོ་སྦྱོང་ཁ་གསབ་གྲོན་དངུལ་ཁྱོན་སྒོར་ཁྲི་47.49བཏང་བ་རེད།

        ལྷོ་ཁ་ས་ཁུལ་གྱི་རྫོང་ཁག་གི་སྤྱི་ཁྱབ་བཟོ་ཚོགས་ཀྱིས “དོན་དངོས་དང་། ཉེར་སྤྱོད། དངོས་ཕན ”བཅས་ཀྱི་རྩ་དོན་གཞིར་བཟུང་ས་ཆ་དེ་གའི་ལས་ཞུགས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་སྤྱོད་ཚན་པ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་ལག་རྩལ་དང་རྩལ་ནུས་གསོ་སྦྱོང་རྣམ་གྲངས་ལ་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད།

        གྲོང་གསེབ་ཏུ་ས་ཞིང་རྒྱུན་འཁོར་ལམ་ལུགས་ལག་བསྟར་བྱས་རྗེས་ཞིང་པ་ལས་མི་མང་པོས་ཞིང་ལས་འཕྲུལ་ཆས་ཀྱི་སྒྲིག་ཆས་ཉོ་བ་དང་ས་ཞིང་འགན་གཙང་ལེན་ནམ་ཡང་ན་ས་ཞིང་བོགས་ལེན་གྱི་དོན་དངོས་ལ་དམིགས་པ་དང་མང་ཚོགས་ལ་ཞིང་འཕྲུལ་བཀོལ་སྤྱོད་ལག་རྩལ་འཕྲལ་མྱུར་བྱང་ཆུབ་རྒྱུའི་རེ་བ་སྐོང་སླད་གོང་དཀར་རྫོང་གིས་ཞིང་འཕྲུལ་ཉམས་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ལྷུན་རྩེ་རྫོང་གིས་གསོ་སྤེལ་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བ། རྒྱ་ཚྭ་རྫོང་གིས་འདེབས་འཛུགས་རྩལ་ནུས་གསོ་སྦྱོང་འཛིན་གྲྭ་གཉེར་བ། སྣེ་གདོང་རྫོང་དང་མཚོ་སྨད་རྫོང་གིས་བོད་བཟོའི་ལྷ་འབྲིའི་གསོ་སྦྱོང་འཛིན་གྲྭ་སོ་སོར་སྒྲིག་འཛུགས་བྱས་པ། གྲ་ནང་རྫོང་གིས་ས་ཆ་དེ་གའི་སྣེ་འདྲེན་ཁེ་ལས་ཉི་འོད་ས་གདན་བཟོ་གྲྭ་དེ་ཉིད་གསོ་སྦྱོང་གི་རྟེན་གཞིར་བྱས་ཏེ་ཞིང་པ་ལས་མི་སྒྲིག་འཛུགས་བྱས་ནས་སྣམ་བུ་འཐག་པ་དང་འཚེམ་བུ་སོགས་ཀྱི་རྣམ་གྲངས་རིན་མི་དགོས་པར་གསོ་སྦྱོང་བྱས་པ་རེད། གསོ་སྦྱོང་བྱེད་རིང་རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས “རིན་མི་དགོས་པ་བཞི ”སྒྲུབ་ཐུབ་པ་བྱུང་བ་སྟེ། གསོ་སྦྱོང་ཐད་རིན་མི་དགོས་པ་དང་། ལག་རྩལ་བློ་འདྲིའི་ཐད་རིན་མི་དགོས་པ། དགུང་ཟས་ཐད་རིན་མི་དགོས་པ། 《གསོ་སྦྱོང་མཇུག་འགྲིལ་ལག་ཁྱེར 》རིན་མི་དགོས་པར་སྤྲད་པ་བཅས་རེད།

        གསོ་སྦྱོང་བྱས་པར་བརྟེན་ནས་ཞིང་པ་ལས་མིའི་རྩལ་ནུས་བྱང་ཚད་མཐོ་རུ་མངོན་གསལ་ཕྱིན་པ་དང་ལས་ཞུགས་ཀྱི་དམིགས་སའི་རང་བཞིན་ཆེ་རུ་སོང་བ་རེད། བསྡོམས་རྩིས་བྱས་པར་གཞིགས་ན། གསོ་སྦྱོང་བྱས་རྗེས་ས་ཆ་དེ་གར་ཞིང་པ་ལས་མི་70﹪ཡན་ཞིང་འཕྲུལ་ཞབས་ཞུ་དང་འཕྲུལ་ཆས་ལས་སྣོན་སོགས་ལས་ཀའི་ཁྲོད་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།