དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཚེ་མཇུག་གི་འཚོ་བ་རི་མོ་ལྟར་མཛེས་སྡུག་ལྡན།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        འདི་ནི་རྒན་རྒོན་ཚོས་ཁྲེང་ཀོན་ཆུས་སྡེ་ཁུལ་ཕན་བདེ་ཁང་གི་སྒོ་རའི་ནང་དུ་གཟུགས་པོར་སྦྱོང་བརྡར་བྱེད་བཞིན་ཡོད་པ།

        ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་སྲིད་གཞུང་གནས་ཡུལ་གྱི་ཉེ་འགྲམ་དུ་བསྐྲུན་མ་ཐག་པའི་ཐོག་སོ་གསུམ་ལྡན་གྱི་ཐོག་བརྩེགས་ཁང་པ་སྟར་པ་གཅིག་ཡོད་ཅིང་། དེ་དང་ཉེ་འགྲམ་གྱི་བོད་རིགས་ཡུལ་མིའི་སྲོལ་རྒྱུན་སྡོད་ཁང་གཉིས་ཆར་པ་ཆུ་གྲོགས་སུ་གྱུར་ཡོད། དེ་ནི་ཁྲེང་ཀོན་ཆུས་སྡེ་ཁུལ་ཕན་བདེ་ཁང་སྟེ་དེང་རབས་ཅན་གྱི་གསོལ་མགྲོན་ཁང་གི་རྣམ་པ་དང་བོད་བཟོའི་ཉམས་འགྱུར་ཟུང་དུ་འབྲེལ་བའི་སྐྲུན་དངོས་སྟར་པ་དེ་ཡིན། སྒོ་རའི་ནང་རྒན་རྒོན་ལ་ལ་ལྕང་མའི་བསིལ་གྲིབ་འོག་འཆམ་འཆམ་བྱེད་པ་དང་། ཁག་གཅིག་ལུས་སྦྱོང་བྱེད་སར་གཟུགས་པོར་སྦྱོང་བརྡར་བྱེད་པ། འགའ་ཞིག་མེ་ཏོག་ལྡུམ་ར་ཆུང་ཆུང་དེའི་ནང་ཇ་བསྲུབས་མ་འཐུང་བཞིན་ཅི་འཕྲོས་མོལ་འཕྲོས་བཤད་ནས་བསྡད་ཡོད།

        “རྒན་གསོ་ཁང་རྩེ་གྲ་ཞིག་བསྐྲུན་པ ”

        ཁྲེང་ཀོན་ཆུས་ཀྱི་དེ་སྔའི་རྒན་གསོ་ཁང་དང་ཕན་བདེ་ཁང་དེ་དག་དུས་རབས་གོང་མའི་ལོ་རབས་80པའི་དུས་དཀྱིལ་དུ་བསྐྲུན་སྟབས་དེ་དག་གི་ཞབས་ཞུའི་སྒྲིག་ཆས་ཚང་མ་ཪྙིང་པ་ཆགས་ཡོད་པས་ད་ཡོད་ཀྱི་རྒན་རྒོན་སྡོད་པའི་དགོས་མཁོ་སྐོང་ཐབས་བྲལ་ཡོད། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་ཚེ་གཡང་གིས་རྒན་རྒོན་སྡོད་པའི་དགོས་མཁོ་སྐོང་ཆེད་ཁྲེང་ཀོན་ཆུས་ཨུད་དང་ཆུས་སྲིད་གཞུང་གིས་ཕྱོགས་གང་ཅིའི་ཐད་ནས་བསམ་གཞིགས་བྱས་ཏེ་དེང་རབས་ཅན་དང་། ནུས་པ་མང་བ། ཞབས་ཞུ་རྩེ་གྲ་བཅས་ཀྱི་ཕན་བདེ་ཁང་ཞིག་སྐྲུན་ནས་རྒན་རྒོན་མི་ཧྲེང་དང་འགན་ལེན་ལྔའི་དུད་ཚང་གཅིག་སྡུད་ཐོག་བསྙེན་བཀུར་བྱ་རྒྱུའི་ཐག་བཅད་ཡོད། ཕན་བདེ་ཁང་དེ་2009ལོར་བསྐྲུན་འགོ་ཚུགས་པ་དང་འདི་ལོའི་ཟླ་བ་དྲུག་པར་བེད་སྤྱོད་བཏང་ཞིང་། ཕན་བདེ་ཁང་བསྐྲུན་པས་རྒན་རྒོན་མི་ཧྲེང་གི་འཚོ་བ་དང་སྡོད་སའི་ཆ་རྐྱེན་ལེགས་སུ་ཕྱིན་པ་མ་ཟད་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་ཏང་དང་སྲིད་གཞུང་གིས་རྒན་རྒོན་ལ་ཐུགས་ཁུར་དང་ལྟ་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད་ཅེས་གསུངས་པ་རེད།

        ཕན་བདེ་ཁང་འཆར་འགོད་བྱེད་པར་ཆེད་མངགས་རྒན་རྒོན་སྡོད་ཁང་ཨར་སྐྲུན་ཐད་ཀྱི་མཁས་དབང་ཆིང་ཧྭ་སློབ་ཆེན་བཟོ་སྐྲུན་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཀྲོའུ་ཡན་མིན་གདན་འདྲེན་ཞུས་ཤིང་། ས་གནས་དེ་གའི་གྲོང་མིའི་ཆོས་ལུགས་དང་འཚོ་བའི་གོམས་གཤིས་ལ་བསམ་གཞིགས་བྱས་ཏེ་ཕན་བདེ་ཁང་གི་ཨར་སྐྲུན་ཚང་མ་བོད་ཀྱི་སྲོལ་རྒྱུན་ཡུལ་མིའི་སྡོད་ཁང་གི་ཉམས་འགྱུར་རྒྱུན་འཁྱོངས་བྱས་ཡོད་ལ་མཐའ་འཁོར་གྱི་ལྕང་མ་ཚང་མ་རང་སོར་བཞག་ཡོད། སྒོ་ར་ཁག་གཅིག་བརྒྱབ་ནས་ཉི་འོད་ཕོག་རྒྱུ་འགན་ལེན་བྱས་ཏེ་རྒན་རྒོན་རྣམས་དུས་དང་རྣམ་པ་ཀུན་དུ་སྐོར་བ་རྒྱག་པ་དང་དེ་བཞིན་ཉི་མ་སྲོ་བའི་འཚོ་བའི་དགོས་མཁོ་བསྐངས་ཡོད་པ་རེད། རྒན་རྒོན་རྣམས་མཉམ་སྡོད་བྱེད་སར་ཡང་འཚོ་བའི་རྣམ་པ་འཁྲུག་པོ་ཞིག་ཡོང་རྒྱུར་བསམ་གཞིགས་བྱས་ཏེ་སྡོད་གནས་ཀྱི་ཁོར་ཡུག་ཙམ་མ་ཟད་ད་དུང་མཐའ་མཁོར་སྡེ་ཁུལ་གྱི་ཡུལ་མི་དང་སྤེལ་རེས་བྱེད་ཐུབ་པ་བྱས་ཡོད། ཕན་བདེ་ཁང་སྐྲུན་ས་དེ་གླིང་ཁ་དང་། མཆོད་རྟེན། གྲོང་ཚོ་བཅས་ཡོད་སར་བདམས་པས་རྒན་རྒོན་རྣམས་ཀྱི་སྡོད་གནས་སྔར་བས་སྐྱིད་སྣང་དོད་དུ་ཕྱིན་ཡོད་པ་རེད།

        “བྱ་བ་ཆུང་ཙག་ཚང་མར་བརྩེ་སེམས་ལྡན ”

        ཁྲེང་ཀོན་ཆུས་སྤྱི་ཚོགས་ཕན་བདེ་ཁང་གི་སྤྱི་ཡོངས་ཀྱི་འཆར་འགོད་ཁ་གསལ་ལ་བར་ཁྱམས་དང་འགྲོ་ས་ཚང་མར་སྒྲོམ་སྐྱོར་བཟོས་ཏེ་རྒན་རྒོན་རྣམས་འགྲོ་སྐྱོད་སྟབས་བདེ་ཡོང་བ་བྱས་པ་རེད། ལོ་68ལ་སླེབས་པའི་རྒན་རྒོན་སྒྲོན་མས “འདི་གའི་འཚོ་བ་དེ་སྔོན་གནས་སྡོད་བྱེད་ས་དང་བསྡུར་ན་ལྡབ་ཁ་ཤས་ཀྱིས་ཡག་པ་འདུག ཕན་བདེ་ཁང་གི་ཞབས་ཞུ་བས་ང་ཚོར་ལྟ་སྐྱོང་ཧ་ཅང་ཡག་པོ་བྱེད་ཀྱི་འདུག མཐའ་འཁོར་དུ་རི་དང་ཆུ་ཡོད་ལ་ཁོར་ཡུག་ཧ་ཅང་མཛེས་པོ་ཡོད་ཁར་ཟས་རིགས་ཧ་ཅང་ཕུན་སུམ་ཚོགས་ཤིང་འཚོ་བཅུད་ཡག་པོ་འདུག འཚོ་བ་དེ་ལྟ་བུ་ནི་བདེ་སྐྱིད་ལྡན་པས་ང་ཚོས་ཐུགས་རྗེ་ཆེ་ཞེས་ག་ཚོད་ཞུས་ཀྱང་སེམས་ནང་གི་དྲིན་ཚོར་གྱི་བསམ་པ་དེ་མཚོན་པར་དཀའ ”ཞེས་བཤད་པ་རེད།

        ཕན་བདེ་ཁང་མ་སྐྲུན་གོང་ཁྲེང་ཀོན་ཆུས་ཀྱིས་ཆེད་མངགས་བློ་མཐུན་གཉིས་བདམས་ནས་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཀྱི་རྒན་རྒོན་སྡོད་ཁང་དང་ཆིང་ཏའོ་གྲོང་ཁྱེར་གྱི་ཕན་བདེ་ཁང་དུ་གནས་སྦྱར་སྦྱོང་བརྡར་དང་སློབ་སྦྱོང་བྱེད་པར་བཏང་ནས་ནང་སའི་སྔོན་ཐོན་གྱི་དོ་དམ་ཉམས་མྱོང་དང་དོ་དམ་བྱེད་སྟངས་ལ་མིག་དཔེ་ལྟ་བ་དང་སློབ་སྦྱོང་བྱས་ཡོད། དུས་མཚུངས་སྤྱི་ཚོགས་ཐོག་ནས་སྤྱི་ཕན་རང་བཞིན་གྱི་ལས་གནས་གྱི་ལས་དོན་མི་སྣ་18ཡོངས་བསྒྲགས་ངང་བསྡུས་ཏེ་2010ལོ་ནས་བཟུང་གྲོང་ཁྱེར་ཕན་བདེ་ཁང་དང་རྒན་གསོ་ཁང་དུ་ལྟ་སྐྱོང་བྱེད་པའི་ལས་དོན་སྤེལ་ནས་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་སུ་བཏང་བ་རེད།

        “དཀའ་ཚེཌ་ཆེ་ཡང་གནོང་འགྱོད་སྤུ་ཙམ་མེད ”

        ཟླ་6ཚེས་7ཉིན་གྱི་ཕྱི་དྲོ་གསར་འགོད་པར་ཕན་བདེ་ཁང་གི་ཡོན་ཀྲང་འཆི་མེད་ཐུག་སྐབས་ཁོང་གིས་དོག་སྡེ་ཤང་གི་རྒན་རྒོན་གཉིས་ལམ་སེང་ཕན་བདེ་ཁང་དུ་སྤོ་རྒྱུ་ཡིན་པས་ཁོང་དང་ལས་དོན་མི་སྣ་དོག་སྡེ་ཤང་དུ་རྒན་རྒོན་བསུ་བར་འགྲོ་གྲབས་ཡོད་སྟབས་གནས་ཚུལ་མང་པོ་ཞིག་ང་ཚོར་ངོ་སྤྲོད་བྱེད་ཁོམ་བྱུང་མ་སོང་།

        ཕན་བདེ་ཁང་ནང་གི་དོ་དམ་མི་སྣ་དང་ལྟ་སྐྱོང་བ་ཉིན་ལྟར་བྲེལ་བ་ཧ་ཅང་ཆེན་པོ་ཡོད་ཅིང་། ལྟ་སྐྱོང་བ་གཅིག་གིས་རྒན་རྒོན་གསུམ་ལ་ལྟ་སྐྱོང་བྱེད་དགོས་སྟབས་ལྟ་སྐྱོང་བའི་ངོས་ནས་བརྗོད་ན་ཉིན་རེའི་ལས་ཀ་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད་ཅིང་། ཉིན་ལྟར་ཞོགས་པ་ཆུ་ཚོད་7པ་ནས་ལངས་ཏེ་རྒན་རྒོན་ཚོར་ཆུ་བཀོལ་བ་དང་ཇ་བསྲུབས་མ་བཟོས་ནས་ཉལ་ཁང་དུ་སྐྱེལ་དགོས་པ་མ་ཟད་རྒན་རྒོན་ཚོར་གྱོན་གོས་གཡོག་པ་དང་སྐྲ་ཤད་རྒྱག་རོགས་བྱེད་དགོས་ཀྱི་ཡོད། རྒན་རྒོན་གྱི་གྱོན་གོས་དང་ཉལ་ཆས་བཙོག་པ་ཆགས་ཚེ་ལམ་སེང་འཁྲུ་དགོས་ཤིང་། རྒན་རྒོན་གྱིས་སྐད་བཏང་བ་ཐོས་ཚེ་ལམ་སེང་འགྲོ་དགོས་པ་སོགས་དེ་དག་ཚང་མ་ནི་ལྟ་སྐྱོང་བས་ཉིན་ལྟར་སྒྲུབ་དགོས་ངེས་ཀྱི་ལས་ཀ་ཡིན། ལྟ་སྐྱོང་བ་18དེ་དག་ཚང་མ་གཞོན་ནུ་མ་ཤ་སྟག་ཡིན་པ་དང་། ཁོང་ཚོས་ལས་ཀ་ཪྙོག་རྫོབ་དེ་དག་བྱེད་པར་བསུན་སྣང་སྤུ་ཙམ་ཡང་མི་བྱེད་པར་རྒན་རྒོན་ཚོའི་རྒྱུན་གཏན་གྱི་འཚོ་བར་ལྟ་སྐྱོང་ཞིབ་ཚགས་བྱེད་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།