དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྕགས་ལམ་ཉེན་རྟོག་པས་མེ་འཁོར་ནང་བསྐྱོད་འདོད་པའི་མང་ཚོགས་ཀྱི་བསམ་འདུན་འགྲུབ་ཏུ་བཅུག་པ།

  • ཡོང་ཁུངས།  བོད་ལྗོངས་ཁྲིམས་ལུགས་ཚགས་པར།   |     སྤེལ་དུས།  2015-05-15

        “མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་5འགྲོ་ཉེར་ཡོད་ནའང་མི་མི་ཉུང་བ་ཞིག་གིས་ད་དུང་མི་འཁོར་ནང་ཡང་སྙིང་གང་འདྲ་ཡོད་པ་ཤེས་ཀྱི་མེད ”ལྷ་ས་གྲོང་ཁྱེར་སྣེའུ་གྲོང་གསར་གྱི་གྲོང་མི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟླ་བ་བཟང་པོས་ང་ཚོའི་གྲོང་མི་མང་པོ་ཞིག་ལ་མེ་འཁོར་ནང་བསྐྱོད་རྒྱུའི་བསམ་འདུན་ཡོད། ཡིན་ནའང་བསམ་འདུན་དེ་ལོ་ལྔའི་ནང་འགྲུབ་མེད་ཅེས་བཤད།

        བོད་རིགས་ཀྱི་དུས་ཆེན་ཁག་གཅིག་འཆར་རིམ་བཞིན་བརྗིད་ཉམས་ཤིན་ཏུ་ཆེ་བའི་ལྷ་ས་མེ་འཁོར་བབས་ཚུགས་ཀྱི་ཕྱི་རོལ་དུ་བོད་ཆས་སྤྲས་པ་དང་ལག་ཏུ་ཁ་བཏགས་འཁྱེར་བའི་བོད་རིགས་མང་ཚོགས་མང་པོ་ཞིག་གིས་རྒྱང་རིང་ནས་ཡོང་བའམ་ཡང་ན་སོང་བའི་མེ་འཁོར་ལ་མིག་ཧྲིག་གེར་ལྟ་བཞིན་བསུ་སྐྱེལ་བྱེད་པ་རྟག་ཏུ་མཐོང་རྒྱུ་ཡོད། ཁོང་ཚོའི་མིག་ཟུང་ལས་ཧ་ལམ་སྐད་ཆ་ཞིག་ཤོད་རྒྱུ་ཡོད་པ་ལྟར་སྣང་།

        སྤྱི་བདེ་པུས་སྤེལ་བའི “བཅར་འདྲི་ཆེ་མོ ”ཡི་བྱེད་སྒོའི་ནང་བོད་རིགས་མི་དམངས་ཉེན་རྟོག་པ་བསོད་ནམས་དཔལ་འབྱོར་དང་མིག་དམར་གྱིས་རླངས་འཁོར་བབས་ཚུགས་ཀྱི་ཉེ་འཁོར་དུ་ཡོད་པའི་སྣེའུ་གྲོང་གསར་དུ་བསྐྱོད་རྗེས་དེར་བོད་རིགས་མང་ཚོགས་མང་ཆེ་བ་ནི་སྣེའུ་གྲོང་གསར་གྱི་གྲོང་མི་ཡིན་པ་ཤེས་རྟོགས་བྱུང་།

        “ང་ཚོའི་ངོས་ནས་བརྗོད་ན་མཚོ་བོད་ལྕགས་ལམ་དེ་བཀའ་དྲིན་ཆེན་པོ་ཞིག་ཡིན ”ཟླ་བ་བཟང་པོས་མཚོ་བོད་ལྕགས་ལམ་མ་བསྐྲུན་གོང་སྣེའུ་གྲོང་ཚོ་ནི་ཅུང་དབུལ་བའི་གྲོང་ཚོ་ཞིག་རེད། གྲོང་ཚོ་དེ་ཡོངས་སུ་སྡོད་ཁང་ངོ་དྲག་པ་གཅིག་ཀྱང་མེད་པ་མ་ཟད་དེར་ཆགས་པའི་གྲོང་མི་མི་རེའི་ལོ་རེའི་ཡོང་འབབ་སྒོར་1000ཡང་ཟིན་གྱི་མེད་ཅེས་བཤད།

        མཚོ་བོད་ལྕགས་ལམ་སྐྲུན་པ་དང་ཆབས་ཅིག་སྔོན་མའི་སྣེའུ་གྲོང་གསར་དེ་དེང་གི་ལྷ་ས་མེ་འཁོར་བབས་ཚུགས་སུ་འཛུགས་སྐྲུན་བྱས་པ་དང་སྲིད་གཞུང་གིས་ད་ལྟའི་སྣེའུ་གྲོང་གསར་དུ་མང་ཚོགས་དུད་ཚང་རེར་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོག་སོ་ཉིས་ལྡན་གྱི་སྒོ་ར་ལྡན་པའི་བོད་ཁང་བརྒྱབ་པ་མ་ཟད་གྲོང་མི་རྣམས་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་སུ་བཅུག་ནས་ཡོང་འབབ་འཕར་ཐབས་ཀྱང་བྱས། 2006ལོར་མཚོ་བོད་ལྕགས་ལམ་ཤར་གཏོང་ཐུབ་རྗེས་མེ་འཁོར་བབས་ཚུགས་ཀྱི་ལེགས་ཆ་དེར་བརྟེན་ནས་གྲོང་མི་ལ་ལས་སྐྱེལ་འདྲེན་གྱི་ཚོང་ལ་ཞུགས་པ་དང་ལ་ལས་ཞིང་པའི་སྤྲོ་སྐྱིད་ཁང་གཉེར་ཞིང་། 2010ལོར་སྣེའུ་གྲོང་གསར་གྱི་མི་རེའི་ལོ་རེའི་ཡོང་འབབ་སྒོར་9000ཟིན།

        “མཁའ་ལམ་དེས་ང་ཚོའི་སེམས་ནང་གནས་བབ་ཤིན་ཏུ་ཆེན་པོ་ཞིག་བཟུང་བ་དང་དཀར་གཙང་ཁ་བཏགས་དེས་ང་ཚོའི་བསམ་འདུན་མཚོན་གྱི་ཡོད ”ཅེས་ཟླ་བ་བཟང་པོས་བཤད།

        ཉེ་ཆར་ལྷ་ས་ལྕགས་ལམ་སྤྱི་བདེ་ཁྲུའི “བཅར་འདྲི་ཆེ་མོ ”གཞུང་ལས་ཁང་གི་མཐུན་སྦྱོར་འོག་ལྷ་ས་མེ་འཁོར་བབས་ཚུགས་མངགས་གཏོང་ཁང་གིས “དམག་སྒར་དུ་ཐུག་འཕྲད་བྱེད ”ཅེས་པའི་བྱེད་སྒོ་ཐེངས་དང་པོ་སྤེལ་ཞིང་། ཁག་དང་པོར་སྣེའུ་གྲོང་གསར་གྱི་བོད་རིགས་མང་ཚོགས་13 གྱིས་མེ་འཁོར་བབས་ཚུགས་སུ་བསྐྱོད་ནས་མེ་འཁོར་ནང་ལྟ་སྐོར་བྱས།

        ལོ་19 ལ་སླེབས་པའི་བོད་རིགས་གཞོན་ནུ་དབང་འདུས་མེ་འཁོར་ནང་ཐེངས་དང་པོ་སྡོད་རྒྱུ་བྱུང་ཞིང་། སྤྲོ་བ་རབ་ཏུ་འཕེལ་བའི་ཁོ་པས་བསོད་ནམས་དཔལ་འབྱོར་གྱི་ལག་ནས་བཟུང་སྟེ་མེ་འཁོར་གྱི་མགོ་ནས་མཇུག་བར་རྒྱུག་ཤར་གློད་ནས་ལྟ་བར་སོང་།

        “མེ་འཁོར་ནང་གཉིད་ཁུག་གི་རེད་དམ ”“མེ་འཁོར་ནང་གསང་སྤྱོད་ཡོད་དམ ”“མེ་འཁོར་ནང་བཪྙན་འཕྲིན་ཡོད་དམ ”ཞེས་དབང་འདུས་ཀྱིས་རྒྱུན་མི་ཆད་པར་དྲིས་ནས་མི་དམངས་ཉེན་རྟོག་པ་ཚོ་གད་མོ་ཤོར་དུ་བཅུག མེ་འཁོར་ནང་བསྐྱོད་མྱོང་མེད་པའི་བོད་རིགས་མང་ཚོགས་ལ་ལས་ཉལ་ཁྲི་དཀྱུས་མའི་ཐོག་ཉལ་ཙམ་བྱེད་པ་དང་ལ་ལས་ཟ་ཁང་ནང་ལྟ་སྐོར་དུ་བསྐྱོད་དེ་མེ་འཁོར་ནང་གི་ཁོར་ཡུག་ཉམས་སུ་མྱོང་བ་དང་ཚང་མ་སྤྲོ་བ་རབ་ཏུ་འཕེལ།

        “ད་རེས་ཀྱི ‘བཅར་འདྲི་ཆེ་མོ ’ཞེས་པའི་བྱེད་སྒོ་དེས་ཉེན་རྟོག་པ་དང་མི་དམངས་དབར་གྱི་འབྲེལ་བ་ཟབ་ཏུ་ཕྱིན་ལ་མང་ཚོགས་ལ་མཚོ་བོད་ལྕགས་ལམ་གྱི་གནས་ཚུལ་ཐད་ཀར་ཤེས་རྟོགས་ཀྱང་བྱ་རྒྱུ་བྱུང་ཡོད། དེས་མ་ཚད་ད་དུང་ལམ་གཅེས་ལམ་སྐྱོང་གི་བྱ་སྤྱོད་ནང་རང་འགུལ་ངང་ཞུགས་པའི་མང་ཚོགས་ཀྱི་འདུ་ཤེས་ཀྱང་ཆེ་རུ་སོང་ཡོད ”ལྷ་ས་མངགས་གཏོང་ཁང་གི་སུའོ་ཀྲང་ལིའུ་ཆིང་པའོ་ཡིས་ད་ཆ “དམག་སྒར་དུ་ཐུག་འཕྲད ”ཅེས་པའི་བྱེད་སྒོ་དེ་གཟའ་འཁོར་རེར་ཐེངས་གཅིག་སྤེལ་བ་དང་དེའི་རིང་གྲོང་ཚོ་3དང་བོད་རིགས་མང་ཚོགས་400ལྷག་ཙམ་སྔ་རྗེས་སུ་སྒྲིག་འཛུགས་བྱས་ནས་མེ་འཁོར་ནང་ལྟ་སྐོར་བྱེད་པར་བསྐྱོད་དེ་མེ་འཁོར་ནང་བསྐྱོད་རྒྱུའི་ཁོང་ཚོའི་བསམ་འདུན་བསྒྲུབས་ཡོད་ཅེས་བཤད།

        བསྡོམས་རྩིས་ལྟར་ན། མེ་འཁོར་ཤར་གཏོང་ཐུབ་ནས་ལོ་5ཙམ་རིང་མཚོ་བོད་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་2300ལྷག་ཙམ་དང་དངོས་ཟོག་ཏུན་དུང་ཕྱུར་1.2སྐྱེལ་འདྲེན་བྱས་ཡོད་པ་རེད། དེའི་རིང་བོད་རང་སྐྱོང་ལྗོངས་ཀྱི་GDPསྒོར་དུང་ཕྱུར་342.19ནས་སྒོར་དུང་ཕྱུར་500ལྷག་ཙམ་བར་འཕར་བ་དང་ལོ་རེར་ཆ་སྙོམས་10%ཡན་འཕར་ཡོད་པ་དང་ཆབས་ཅིག་མཚོ་བོད་ལྕགས་ལམ་དེ་བོད་རིགས་མང་ཚོགས་ཀྱི་སེམས་ནང་གི་མིང་དོན་མཚུངས་པའི “བདེ་སྐྱིད་ལམ་བུ ”ཞིག་ཏུ་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།