དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཚལ་ཞིང་ཡག་པོ་བཏབ་ནས་ཚལ་རིགས་ཕུན་སུམ་ཚོགས་སུ་བཏང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        གྲོང་མི་ཝུའུ་ལགས་ཀྱིས་པའེ་དབྱི་སྒོ་རྩིས་ཚོང་ཁང་གི་སྔོ་ཚལ་ཁྲོམ་བཀྱག་ཐོག་ནས་ཚལ་ཉོ་སྐབས་རང་ཉིད་ཀྱིས་རྒྱུན་དུ་ཉོ་བའི་ཚལ་རིགས་ཏེ་ཚལ་སྲན་རྒྱ་མ་གང་ལ་སྒོར་5.5དང་། ཆའེ་ཙེ་རྒྱ་མ་གང་ལ་སྒོར་2.68 སོ་ལོ་སྔོན་པོ་རྒྱ་མ་གང་ལ་སྒོར་6.8བཅས་ཡིན་པས་ཚལ་རིགས་དེ་དག་གི་རིན་གོང་ཚང་མ་ཆག་པ་ཤེས་རྟོགས་བྱུང་སྐབས་ཧང་སངས་སངས་བྱེད། ཟླ་བ་བཞི་པའི་ཟླ་མཇུག་ཏུ་ཆའེ་ཙེ་རྒྱ་མ་གང་ལ་སྒོར་4བྱེད་ཀྱི་ཡོད་པ་དང་ད་ཆ་མིག་མདུན་དུ་སྒོར་2མན་གྱི་ཚལ་སྣ་ཁ་བརྒྱད་ཙམ་མཐོང་རྒྱུ་ཡོད་པ་རེད།

        ཝུའུ་ལགས་ཀྱིས་བློ་ཡིད་ཚིམ་པའི་ངང་གསར་འགོད་པར “ནང་མི་གསུམ་ཉིན་གཉིས་འདང་བའི་ཚལ་དེ་དག་ལ་སྒོར་སུམ་བཅུ་ཡང་གནས་མ་སོང ”ཞེས་བརྗོད་ཀྱི་འདུག

        གསར་འགོད་པས་ལྷ་ས་ལྕགས་པོ་རིའི་གྲོང་སྡེའི་ཚོང་རར་སྐྱོད་སྐབས་དེ་གར་ཡང་རྒྱ་མ་རེར་སྒོར་གཉིས་བྱས་པའི་ཚལ་མང་པོ་ཡོད་པ་དང་རྒྱུན་མཐོང་གི་སྔོ་ཚལ་མང་པོ་ཞིག་གི་རིན་གོང་ཆག་པ་དཔེར་ན། པད་ཚལ་ཆུང་བ་རྒྱ་མ་གང་ལ་སྒོར་1.9དང་ལབ་སྒོར་པད་ཚལ་རྒྱ་མ་གང་ལ་སྒོར་1.8ཡིན་པ་དང་གཟའ་འཁོར་གཅིག་གོང་ཚལ་རིགས་དེ་དག་གི་ཁྲོམ་རའི་ཐོག་གི་རིན་གོང་སྒོར་2ཡན་ཡིན་པ་རེད།

        སྔོ་ཚལ་སྐྱེ་ཚུལ་ཡག་པོ་ཡོད་པས་རིན་གོང་བརྟན་པོའི་ངང་ཆག་པ།

        ཉིན་ཤས་གོང་གསར་འགོད་པས་གནམ་གཤིས་ཅུས་དང་ལྕགས་པོ་རི་སོགས་གྲོང་སྡེའི་ཚོང་རར་བསྐྱར་དུ་བཅར་འདྲི་བྱེད་པར་སྐྱོད་སྐབས་ཟླ་བ་ལྔ་པ་ཤར་ཚུན་ཁྲོམ་རའི་ཐོག་གི་སྔོ་ཚལ་རིན་གོང་བལྟོས་བཅས་ཀྱིས་བརྟན་པོ་ཡོད་པ་དང་འཕར་ཆག་ཆེན་པོ་མེད་པ་མ་ཟད་ཟླ་སྟོད་ནས་ད་བར་སྔོ་ཚལ་རིན་གོང་མུ་མཐུད་ཆག་པའི་རྣམ་པ་མངོན་པ་ཤེས་རྟོགས་བྱུང་།

        ཟོག་གོང་སྡེ་ཚན་གྱི་གྲངས་གཞིའི་ཐོག་ནས་ཀྱང་མངོན་པར། ཟླ་བ་ལྔ་པ་ཤར་ཚུན་ལྷ་སའི་ཁྲོམ་རའི་ཐོག་ཚལ་སྣ་འཛོམས་པོ་ཡོད་པ་དང་རིན་གོང་ཡང་བརྟན་པོའི་ངང་ཆག་ཡོད་ཅིང། ཟླ་བ་ལྔ་པའི་ཚེས་12ཉིན་ལ་དཔེ་བཞག་ནས་བཤད་ན་སྔོ་ཚལ་སྣ་ཁ་33གྱི་ཁྲོམ་རའི་རིན་གོང་དེ་གོང་གི་གཟའ་འཁོར་གྱི་ཆ་སྙོམས་སིལ་ཚོང་རིན་གོང་དང་བསྡུར་ཚེ་སྔོ་ཚལ་སྣ་ཁ་17གི་རིན་གོང་ཆག་ཡོད་པ་དང་སྔོ་ཚལ་སྣ་ཁ་11གི་རིན་གོང་གཅིག་པ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ཟླ་བ་བཞི་པ་ཤར་རྗེས་གནམ་གཤིས་དྲོ་རུ་ཕྱིན་སྟབས་དྲོད་ཁང་ཁག་ནང་གི་སྔོ་ཚལ་སྐྱེས་ཚུལ་ཡག་པོ་ཡོད་པ་དང་སྔོ་ཚལ་ཁྲོམ་རའི་ཐོག་མཁོ་སྤྲོད་བྱེད་ཚད་ཀྱང་མང་དུ་ཕྱིན་ཡོད་པ་རེད།

        ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་སྔོ་ཚལ་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་ཆེད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་གཞི་ཁྱོན་ངེས་ཅན་ལྡན་པའི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་ཁག་གཅིག་བསྐྲུན་པས་སྔོ་ཚལ་ཐོན་སྐྱེད་བྱེད་ནུས་རིམ་བཞིན་ཆེ་རུ་ཕྱིན་ནས་མི་སེར་གྱི་ཚལ་རིགས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད།

        ཚལ་གོང་ཆག་པ་བྱེད་པའི་འགག་རྩ་ནི་ཐད་ཀར་མཁོ་སྤྲོད་བྱ་རྒྱུ་དེ་ཡིན།

        གྲོང་མི་ཁྲེང་ལགས་སྒོ་རྩིས་ཚོང་ཁང་དུ་ཚལ་ཉོ་བར་འགྲོ་རྒྱུར་དགའ་པོ་ཡོད། ཁོང་གིས “སྒོ་རྩིས་ཚོང་ཁང་ཁྱིམ་གྱི་འགྲམ་དུ་ཡོད་པ་དང་ཚལ་ཁག་གཅིག་གི་རིན་གོང་ཁྲོམ་རའི་ཐོག་གི་རིན་གོང་ལས་ཀྱང་ཁེ་བ་ཡོད་པ་མ་ཟད་ཁོར་ཡུག་ཀྱང་ཡག་པོ་འདུག ”ཅེས་བརྗོད་ཀྱི་འདུག

        ཁྲེང་ལགས་ཀྱིས “གྲོང་སྡེའི་ཚོང་རར་ཚལ་ཉོ་བར་སྐྱོད་ཚེ་འཚང་ཁ་དེ་ཙམ་ཆེན་པོ་མེད་རུང་ཁྱིམ་དང་བར་ཐག་རིང་པོ་ཡོད་པ་མ་ཟད་རིན་གོང་ཡང་ཁེ་པོ་ཡོང་མི་སྲིད ”ཅེས་ཁོང་གིས་ཚལ་ཉོ་བའི་ཉམས་མྱོང་རྣམས་ཇི་མ་ཇི་བཞིན་དྲངས། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཟོག་གོང་ཅུས་ནས་ཤེས་རྟོགས་བྱུང་བར། པད་ཚལ་ཆེ་བ་དང་ཚལ་ཀྭ་སོགས་རྒྱུན་མཐོང་གི་ཚལ་ལ་དཔེ་བཞག་ནས་བཤད་ན་གྲོང་སྡེའི་ཚོང་རའི་རིན་གོང་དེ་སྐབས་འགར་སྒོ་རྩིས་ཚོང་ཁང་ལས་ཀྱང་ཧ་ཅང་མཐོ་བ་ཡོད་པ་རེད།

        དོན་དངོས་ཐོག་ཚལ་གོང་མཐོ་ཙམ་ཡོད་པའི་དུས་སུ་སྒོ་རྩིས་ཚོང་ཁང་དང་གྲོང་སྡེའི་ཚོང་ར་ཁག་གཅིག་གིས་སྔར་བཞིན་རིན་གོང་བརྟན་པོའི་ངང་མཁོ་སྤྲོད་བྱེད་ཀྱི་ཡོད། དེའི་ཐད་གནས་ལུགས་རྟོགས་མཁན་མི་སྣས་གནས་ཚུལ་གྱི་མཐིལ་རྟོལ་ནས་བཤད་པ་སྟེ། “ཞིང་པ་དང་སྒོ་རྩིས་ཚོང་ཁང་འབྲེལ་བ་བྱེད་པ་དང་ཞིང་པས་ཐད་ཚོང་བྱས་ཚེ་བར་ཚོང་རྒྱག་མཁན་གྱི་ཁེ་བཟང་དེ་ཉུང་དུ་འགྲོ་བའམ་ཡང་ན་རྦད་དེ་མེད་པ་ཆགས་ཀྱི་ཡོད། དེ་ནི་དེའི་ཁྲོད་ཀྱི་འགག་རྩ་ཞིག་ཡིན ”ཞེས་པ་དེ་ཡིན།

        དཔེར་ན། ཁྲེང་ཀོན་ཆུས་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་གྲོང་གསེབ་ཀྱི་དཔལ་འབྱོར་མཉམ་ལས་ཁང་གིས་ཐོན་སྐྱེད་བྱས་པའི་སྔོ་ཚལ་དེ་དག་ཧྲེང་མའེ་ཅཱ་སྒོ་རྩིས་ཚོང་ཁང་དང་འབྲེལ་བ་བྱས་ནས་ཚོང་གི་ཡོད་པ་དང་ད་ཆ་ཚལ་རིགས་སྣ་ཁ་9མཁོ་འདོན་བྱེད་ཀྱི་ཡོད་པ་དེས་སྒོ་རྩིས་ཚོང་ཁང་གི་སྔོ་ཚལ་བྲིན་ཚོང་སྣ་ཁའི་9%བཟུང་བ་དང་ཉིན་ལྟར་ཁྲོམ་རའི་ཐོག་སྔོ་ཚལ་སྤྱི་རྒྱ་250ལྷག་ཙམ་འདོན་གྱི་ཡོད་པ་དེས་སྒོ་རྩིས་ཚོང་ཁང་གི་སྔོ་ཚལ་བྲིན་ཚོང་བྱེད་ཚད་ཀྱི་50%བཟུང་ཡོད། སྔོ་ཚལ་སྒོ་རྩིས་ཚོང་ཁང་དུ་མཁོ་སྤྲོད་བྱེད་པ་ཕུད་ད་དུང་སློབ་གྲྭ་ཁག་གཅིག་དང་། ཉང་བྲན་ལམ་སྡེབ་ཚོང་ཁྲོམ་ར། ལྕགས་པོ་རིའི་གྲོང་སྡེའི་ཚོང་ར། གནམ་གཤིས་ཅུས་གྲོང་སྡེའི་ཚོང་ར་བཅས་སུ་མཁོ་འདོན་བྱེད་ཀྱི་ཡོད་པ་དང་རྒྱ་མ་རེའི་རིན་གོང་ཡང་སིལ་ཚོང་བྱེད་མཁན་ལས་སྒོར་0.20ནས་0.40བར་དམའ་བ་ཡོད། “ཉིན་ལྟར་སྔ་པོ་ནས་ཉོ་བར་འགྲོ་དགོས་ཀྱི་ཡོད། ཕྱི་དྲགས་ན་རག་གི་མེད ”ཅེས་ལྕགས་པོ་རི་གྲོང་སྡེའི་ཚོང་རར་ཚལ་ཚོང་མཁན་ཧོང་ལགས་ཀྱིས་སྔོ་ཚལ་རྟེན་གཞི་ནས་ཉིན་ལྟར་ཐད་ཀར་མཁོ་འདོན་བྱེད་པའི་སྔོ་ཚལ་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།

        དེ་མིན་སྟོད་ལུང་བདེ་ཆེན་རྫོང་སྒང་བདེ་གླིང་སྔོ་ཚལ་རྟེན་གཞི་དང་ལེ་པའེ་ལུང་སྒོ་རྩིས་ཚོང་ཁང་འབྲེལ་བ་བྱས་ཏེ་ཉིན་ལྟར་སྔོ་ཚལ་སྤྱི་རྒྱ་750ལྷག་ཙམ་ཁྲོམ་རའི་ཐོག་འདོན་གྱི་ཡོད་པ་དེས་སྒོ་རྩིས་ཚོང་ཁང་གི་བྲིན་ཚོང་བྱེད་ཚད་ཀྱི་65%བཟུང་གི་ཡོད་པ་དང་། ཆུ་ཤུར་རྫོང་མཉེས་ཐང་ཤང་སྔོ་ཚལ་མཐུན་ཚོགས་དང་པའེ་དབྱི་སྒོ་རྩིས་ཚོང་ཁང་འབྲེལ་བ་བྱས་ཏེ་ཉིན་ལྟར་སྔོ་ཚལ་སྤྱི་རྒྱ་500ལྷག་ཙམ་ཁྲོམ་རའི་ཐོག་འདོན་གྱི་ཡོད་པ་དེས་སྒོ་རྩིས་ཚོང་ཁང་གི་བྲིན་ཚོང་བྱེད་ཚད་ཀྱི་17%བཟུང་གི་ཡོད་པ་རེད།

        ཁྲེང་ཀོན་ཆུས་ཞིང་འབྲོག་ཅུས་ཀྱི་ཅུས་ཀྲང་བློ་བཟང་དོན་གྲུབ་ཀྱིས་གསར་འགོད་པར་ཚལ་གུང་ཐང་ཤང་དཔལ་སྡིངས་གྲོང་ཚོའི་སྔོ་ཚལ་གོང་ཁེ་པོ་བྱས་ནས་ཚོང་གི་ཡོད་རུང་ད་དུང་ཁེ་བཟང་ཡོད། དེའི་རྒྱུ་རྐྱེན་གཙོ་བོ་ནི་འཁོར་རྒྱུག་མགྱོགས་པོ་ཡོད་པས་འཕྲོ་བརླག་འགྲོ་ཉུང་དུ་སོང་ནས་མ་གནས་དམའ་རུ་ཕྱིན་པ་དེ་རེད་ཅེས་གསུངས་ཀྱི་འདུག

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།