དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་རང་སྐྱོང་ལྗོངས་ཀྱིས་བདེ་སྡོད་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་170བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་5ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ལོ་28ཡིན་པའི་བོད་རིགས་ཕོ་གཞོན་གུ་རུ་རྒྱལ་གྱིས་ཉེ་ཆར་ཉིན་ལྟར་སྔ་ལངས་ཕྱི་ཉལ་བྱས་ཏེ་རང་ཉིད་ཀྱིས་གླས་པའི་བཟོ་པ་14དང་མཉམ་དུ་ལྕགས་རྩིབས་ལས་སྣོན་བྱ་རྒྱུར་བྲེལ་ནས་སྐྲུན་བཞིན་པའི་བདེ་སྡོད་ལས་གྲྭར་འཛུགས་སྐྲུན་རྒྱུ་ཆ་མཁོ་འདོན་བྱེད་ཀྱི་ཡོད།

        2006ལོ་ནས་བཟུང་ལྗོངས་ཡོངས་ཀྱི་ཁྱབ་ཁོངས་སུ་བོད་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་ཞིང་འབྲོག་པའི་སྡོད་ཁང་གསར་རྒྱག་དང་བསྐྱར་སྐྲུན་གྱི་ལས་གྲྭ་ཞིག་ལག་བསྟར་བྱས་པ་ནི་བདེ་སྡོད་ལས་གྲྭ་ཡིན་པ་དང་ཆབས་ཅིག་སློབ་ཡོན་མི་དགོས་པའི་ལག་རྩལ་གསོ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་ཞིང་འབྲོག་པས་ཁྱིམ་མཚེས་ཀྱིས་ཁྱིམ་མཚེས་ལ་རོགས་རམ་བྱེད་པ་དང་། ཁྱིམ་དུད་ཀྱིས་ཁྱིམ་དུད་ལ་རོགས་རམ་བྱེད་པ། ཕན་ཚུན་བཟོ་པ་བརྗེ་རེས་བྱེད་པ། ངལ་ནུས་ཕྱིར་གཏོང་བྱེད་པ། རྒྱུ་ཆ་རང་གྲབས་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་ལས་གྲྭའི་འཛུགས་སྐྲུན་ནང་ཞུགས་རྒྱུར་ཁྲིད་སྟོན་དང་སྐུལ་འདེད་བཏང་ཡོད།

        བདེ་སྡོད་ལས་གྲྭའི་འཛུགས་སྐྲུན་ཁྲོད་ཞིང་འབྲོག་པའི་རྡོ་གཤགས་རུ་ཁག་དང་། སྐྱེལ་འདྲེན་རུ་ཁག ཨར་ལས་རུ་ཁག ཤིང་བཟོ་རུ་ཁག ཚོན་པ་རུ་ཁག་བཅས་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་ཡོད་པ་དང་ཁྱིམ་ཚང་མང་པོའི་ཡོང་འབབ་མང་དུ་སོང་ཐོག་ཁོང་ཚོའི་བསམ་བློའི་འདུ་ཤེས་དང་འཚོ་བ་སྐྱེལ་སྟངས་ལ་ཡང་འགྱུར་བ་ཆེན་པོ་ཕྱིན་ཡོད་པ་རེད།

        2007ལོའི་སྔོན་དུ་ནག་ཆུ་ས་ཁུལ་སྙན་རོང་རྫོང་ཤང་གྲོང་ཞིག་ནས་ཡིན་པའི་གུ་རུ་རྒྱལ་ནང་མི་ཚང་མས་སྤུ་ནག་འགའ་དང་ར་ལུག་འགའ་གསོ་ཚགས་བྱས་པར་ལོ་རེར་ཡོང་འབབ་སྒོར་5000ཙམ་ཡོད་ཅིང་། ད་ལྟ་འཛུགས་སྐྲུན་རུ་ཁག་གི་རུ་དཔོན་ཡིན་པའི་གུ་རུ་རྒྱལ་ལ་ལོ་རེར་ཁྱིམ་དུ་འབབ་འཕར་སྒོར་ཁྲི་དྲུག་བདུན་ཙམ་ཡོང་གི་ཡོད།

        གུ་རུ་རྒྱལ་གྱིས “རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པའི་དབང་གིས་སློབ་ཡོན་མི་དགོས་པར་ངས་ཨར་ལས་ལག་རྩལ་སྦྱངས་པ་དང་སྦྲགས་རྫོང་སྲིད་གཞུང་གི་རོགས་རམ་འོག་ཨར་ལས་རུ་ཁག་བཙུགས་པ་ཡིན ”ཞེས་བརྗོད།

        གུ་རུ་རྒྱལ་གྱི་ནང་མི་ཡོངས་ཀྱི་ངོས་ནས་བརྗོད་ན། 2007ལོར་སྨི་ངོས་སྙོམས་གྲུ་བཞི་མ་100ལྷག་ཙམ་ཡོད་པའི་ཁང་གསར་ནང་སྤོ་རྒྱུ་བྱུང་བ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་བདེ་སྡོད་ལས་གྲྭ་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཞིང་འབྲོག་མང་ཚོགས་ཀྱི་འདོད་བློ་དང་བསྟུན་པ་དང་དེ་བཞིན་མི་རིགས་ཀྱི་རིག་གནས་དང་ཟུང་འབྲེལ་བྱེད་པའི་རྩ་དོན་གཞིར་བཟུང་འཛུགས་སྐྲུན་བྱས་པ་ཞིག་ཡིན་པ་དང་ཞིང་པ་ཚོ་རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་ལུགས་ཁང་གསར་ནང་དུ་སྡོད་རྒྱུ་བྱུང་བ་དང་ཆབས་ཅིག་ཆུ་དང་། གློག རླུང་འཕྲིན། ཁ་པར། འཕྲོད་བསྟེན་སོགས་ཆ་ལག་ཚང་བའི་སྒྲིག་ཆས་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་རེད།

        མིག་སྔའི་བར་རང་སྐྱོང་ལྗོངས་བདེ་སྡོད་ལས་གྲྭས་མ་དངུལ་སྒོར་དུང་ཕྱུར་170བཏང་བས་ལྗོངས་ཡོངས་ཀྱི་ཞིང་འབྲོག་པའི་ཁྱིམ་དུད་ཁྲི་27.48དང་མི་ཁྲི་140ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

        གུ་རུ་རྒྱལ་གྱིས “ང་ད་ལྟ་སྡོད་སའི་ཁང་པ་ཡག་པོ་ཡོད་ལ་འཛུགས་སྐྲུན་རུ་ཁག་ལ་ཡང་ཡོང་འབབ་འདུག སླད་ཕྱིན་གྱི་འཚོ་བ་ཇེ་ལེགས་སུ་འགྲོ་བའི་རེ་བ་ཡོད་པ་དང་ཕྲུ་གུ་སྐྱེས་རྗེས་ཁོ་ཚོར་ཤེས་བྱ་མང་ཙམ་སྦྱོང་དུ་བཅུག་ནས་འཇོན་ཐང་ཆ་ཙམ་ལྡན་པ་བྱེད་དུ་འཇུག་རྒྱུ་ཡིན ”ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།