དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཡུལ་མིའི་འཚོ་བའི་ཆུ་ཚད་དང་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ།

  • ཡོང་ཁུངས།  བོད་ལྗོངས་ཁྲིམས་ལུགས་ཚགས་པར།   |     སྤེལ་དུས།  2015-05-15

        འོ་བརྒྱལ་ཐང་སྡེ་ཁུལ་ནི་1999ལོའི་ཟླ་11པར་བཙུགས་པ་ཞིག་ཡིན་ལ། དེ་ནི་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཤར་ཕྱོགས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་སྦྲེལ་མཚམས་སུ་ཆགས་ཡོད་པ་དང་ཉེ་བའི་ལོ་འགའི་རིང་ལྗོངས་ཡོངས་སུ་སྐད་གྲགས་ཆོད་པའི་དཔལ་ཡོན་སྡེ་ཁུལ་དུ་གྱུར་ཡོད། སྡེ་ཁུལ་ཡུལ་མི་ཚོར་སྔར་ལས་ལྷག་པའི་ཞབས་ཞུ་བྱེད་ཆེད་སྡེ་ཁུལ་གྱིས་གོང་རིམ་ཏང་ཨུད་དང་སྲིད་གཞུང་དང་དམངས་སྲིད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་2010ལོའི་ཟླ་4ཚེས་1ཉིན “གཅིག་འཐུས་རྣམ་པའི་ཞབས་ཞུའི་ཚོམས་ཆེན ”བཙུགས་ཏེ་དེའི་ནང་ཏང་ཡོན་དང་མང་ཚོགས་ཀྱི་ཞབས་ཞུ་དང་། ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་། དམངས་སྲིད་ལས་དོན། མི་འབོར་དང་འཆར་ལྡན་བུ་བཙའ། ཕྱོགས་བསྡུས་བཅོས་སྒྲིག་དང་དེ་བཞིན་ཕྱོགས་མིའི་དོ་དམ་ཞབས་ཞུ་བཅས་སྐར་ཁུང་6བཙུགས་ཡོད་པ་རེད།

        གཞན་ཡང་སྡེ་ཁུལ་གྱིས་ད་དུང་ཞབས་ཞུའི་ནང་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་གསར་གཏོད་བྱས་ནས་འཕྲོད་བསྟེན་ཞབས་ཞུའི་ས་ཚིགས་དང་། མེ་ཟོན་མེ་གསོད་ཞབས་ཞུའི་ས་ཚིགས། ངལ་རྩོལ་འགན་སྲུང་ལས་དོན་ས་ཚིགས། འཆར་ལྡན་བུ་བཙའི་ཞབས་ཞུའི་ས་ཚིགས་སོགས་ལས་དོན་ས་ཚིགས་བཙུགས་པ་དང་། སྡེ་ཁུལ་ཡུལ་མི་ཨུ་ལྷན་གྱི་སྒོ་རའི་ནང་ད་དུང་རྒན་རྒོན་གྱི་བྱེད་སྒོ་དང་ལུས་སྦྱོང་ཁང་དང་། གྲོང་མིའི་སློབ་གྲྭ དཔེ་ཀློག་ཁང་སོགས་ཞབས་ཞུའི་དྲ་ཚིགས་བསྐྲུན་ཡོད། དེ་དང་ཆབས་ཅིག་སྡེ་ཁུལ་གྱིས་ཡུལ་མིའི་དགོས་མཁོ་གཞིར་བཟུང་ནས་ཞབས་ཞུའི་ཁྱབ་ཁོངས་ཆེ་རུ་བཏང་བའི་ཁར་ཞབས་ཞུའི་ནང་དོན་ཡང་ཕུན་སུམ་ཚོགས་སུ་བཏང་ནས་སྡེ་ཁུལ་གྱི་ཞབས་ཞུ་ཆེན་པོའི་མ་ལག་བཏོད་དེ་སྡེ་ཁུལ་ཡུལ་མི་ཨུ་ལྷན་དང་། ཕྱོགས་བསྡུས་བཅོས་སྒྲིག་ཞབས་ཞུ་ཀུང་སི། ཕྱོགས་མིའི་དོ་དམ་ས་ཚིགས་སོགས་ཞུགས་པའི་སྡེ་ཁུལ་ཞབས་ཞུའི་སྟེགས་བུ་བསྐྲུན་ཡོད་པ་རེད།

        ཉེ་བའི་ལོ་འགའི་རིང་བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་འོག་སྤྱོད་གོ་ཆོད་པའི་སྡེ་ཁུལ་འཛུགས་སྐྲུན་དོ་དམ་སྒྲིག་སྲོལ་དང་འཁོར་སྐྱོད་ལམ་སྲོལ་རགས་ཙམ་ཆགས་ཡོད། ས་ཁུལ་ཁག་གིས་སྡེ་ཁུལ་འཛུགས་སྐྲུན་ལས་དོན་གྱི་འགོ་ཁྲིད་སྒྲིག་གཞི་བཙུགས་ནས་ཁོངས་མིའི་ཚན་པ་ཁག་གི་འགན་འཁྲི་ཁ་གསལ་བཟོས་པ་དང་འབྲེལ། ས་གནས་དེ་གའི་དངོས་ཡོད་དང་ཟུང་འབྲེལ་གྱིས་ས་གནས་དེ་གའི་སྡེ་ཁུལ་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་འཆར་རམ་ལག་བསྟར་འཆར་གཞི་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་དཔེར་ན་ལྷ་ས་གྲོང་ཁྱེར་གྱིས་བཏོན་པའི 《ལྷ་ས་གྲོང་ཁྱེར་གྱི་སྡེ་ཁུལ་འཛུགས་སྐྲུན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་བསམ་འཆར 》དང་། གཞིས་རྩེ་ས་ཁུལ་གྱིས་བཏོན་པའི 《གྲོང་ཁྱེར་གྱི་སྡེ་ཁུལ་འཛུགས་སྐྲུན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་གཞིས་རྩེ་ས་ཁུལ་གྱི་བསམ་འཆར 》 ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཀྱིས་བཏོན་པའི 《སྡེ་ཁུལ་འཛུགས་སྐྲུན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར 》སོགས་ལྟ་བུ་ཡིན་པ་རེད།

        ལོ་བཅུ་ལྷག་ཙམ་རིང་འབད་འཐབ་བྱས་པ་བརྒྱུད་རང་ལྗོངས་ཀྱི་སྡེ་ཁུལ་འཛུགས་སྐྲུན་ཐད་ཕྱོགས་དྲུག་ཐད་ཀྱི་གྲུབ་འབྲས་ཐོབ་པ་སྟེ། གཅིག་ནི་སྡེ་ཁུལ་རྩ་འཛུགས་མ་ལག་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་སོང་བ་དང་སྡེ་ཁུལ་ལས་དོན་པའི་དཔུང་ཁག་གི་གྲུབ་ཆ་ཉིན་བཞིན་ལེགས་སུ་ཕྱིན་པ་དང་། གཉིས་ནི་སྡེ་ཁུལ་རང་སྐྱོང་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་སྡེ་ཁུལ་གྱི་བྱེད་སྒོ་ཁག་ནང་ཞུགས་པའི་འདུ་ཤེས་རིམ་བཞིན་ཟབ་ཏུ་ཕྱིན་པ། གསུམ་ནི་སྡེ་ཁུལ་ཞབས་ཞུ་རྒྱ་བསྐྱེད་བྱུང་ནས་ཡུལ་མི་མང་ཚོགས་ལ་དངོས་འབྲེལ་ཕན་པ་ཐོབ་པ། བཞི་ནི་སྡེ་ཁུལ་འཛུགས་སྐྲུན་འགན་སྲུང་ལམ་སྲོལ་རིམ་བཞིན་བཙུགས་ནས་སྡེ་ཁུལ་འཛུགས་སྐྲུན་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ནུས་ལྡན་བྱུང་བ། ལྔ་ནི་སྡེ་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ལ་ཡོངས་ཁྱབ་ཏུ་ཤུགས་སྣོན་ཐེབས་ནས་སྡེ་ཁུལ་གྱི་ལས་དོན་ཆ་རྐྱེན་ལེགས་སུ་ཕྱིན་པ། དྲུག་ནི་སྡེ་ཁུལ་འཛུགས་སྐྲུན་རིམ་གྱིས་ཕྱི་ཕྱོགས་སུ་རྒྱ་བསྐྱེད་ནས་གྲོང་གསེབ་ཀྱི་སྡེ་ཁུལ་འཛུགས་སྐྲུན་ལས་དོན་དེ་ཚོད་ལྟའི་ཁྲོད་གསར་གཏོད་འཕེལ་རྒྱས་བྱུང་བ་བཅས་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།