དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭའི་དམངས་ཕན་བྱ་གཞག་སྐོར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  ཚེ་བརྟན་རྡོ་རྗེ།   |     སྤེལ་དུས།  2015-05-15

        ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭ་ནི་དམངས་གཉེར་གྱི་དམིགས་བསལ་སློབ་གྲྭ་ཞིག་ཡིན་ལ། སློབ་གྲྭས་དྭ་ཕྲུག་དང་དབང་པོ་སྐྱོན་ཅན། ཁྱིམ་ཚང་ལ་དམིགས་བསལ་དཀའ་ངལ་ཡོད་པའི་སློབ་མ་གསོ་སྐྱོང་བྱེད་པའི་ཕན་བདེའི་སློབ་གྲྭ་ཞིག་ཀྱང་ཡིན།

        འདི་ག་དྲ་བའི་གསར་འགོད་པས་ཆེད་མངགས་ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭར་བཅའ་འདྲི་བྱེད་པར་བསྐྱོད་ནས། སློབ་གྲྭའི་ལོ་རྒྱུས་འཕེལ་རིམ་ཤེས་རྟོགས་བྱས་པ་ཡིན།

        ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭ་ཡིན་པ།

        རྒན་བྱམས་པ་བརྩོན་འགྲུས་ལགས་ནི་སློབ་གྲྭའི་སློབ་སྤྱི་ཡིན་པ་དང་། ཁོང་སྔོན་མ་དཔེ་ཆ་ལོ་ཁ་ཤས་སློབ་སྦྱོང་བྱེད་པ་ལས་ཚད་ལྡན་གྱི་སློབ་གྲྭ་བསྐྱོད་མྱོང་མེད་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས། ཁོང་གིས་ཤིང་བཟོ་དང་ལྷམ་བཟོ་སློབ་སྦྱོང་བྱེད་མྱོང་ཡོད་པ་དང་། ཁོང་གིས་ལོ་མང་དཀའ་སྤྱད་འབད་ཐབས་འོག་1986ལོར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ལྷམ་བཟོའི་བཟོ་གྲྭ་དང་པོའི་འགན་ཁུར་མི་སྣ་གནང་བ་དང་། དུས་དེའི་རིང་། ཁོང་གིས་སྤྱི་ཚོགས་ཐོག་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་རྣམས་སློབ་གྲྭར་འགྲོ་ས་མེད་པ། དབང་པོ་སྐྱོན་ཅན་གྱི་གཞོན་ནུ་ལས་ཀར་འགྲོ་ས་མེད་པས། ཁོ་ཚོར་འཚོ་བའི་བརྟེན་ས་མེད་པ་གཟིགས་ནས། རྒན་བྱམས་པ་བརྩོན་འགྲུས་ལགས་ཀྱིས་རང་གིས་ཤེས་པའི་ལག་རྩལ་གྱིས་སྤྱི་ཚོགས་ལ་ཕན་པ་གྲུབ་རྒྱུ་དང་། དབང་པོ་སྐྱོན་ཅན་ཕྲུ་གུ་སློབ་གྲྭར་བསྐྱོད་རྒྱུ། ལས་ཀར་འགྲོ་ས་ཡོད་པ་ཡོང་བའི་འགན་འཁྲི་རང་ལ་ཡོད་པ་ངོས་འཛིན་བྱས་ཡོད།

        དེ་ནས། རྒན་བྱམས་པ་བརྩོན་འགྲུས་ལགས་ཀྱིས་སེམས་ཐག་བཅད་ནས། ཁྲེང་ཀོན་ཆུས་ལྷམ་བཟོའི་བཟོ་གྲྭ་དེ་ཁྲེང་ཀོན་ཆུས་དབང་པོ་སྐྱོན་ཅན་ཕན་བདེའི་མི་རིགས་ལག་ཤེས་ཕྱོགས་བསྡུས་བཟོ་གྲྭ་བཟོས་གནང་བ་རེད། དེ་དུས་ཁྲེང་ཀོས་ཆུས་དབུ་ཁྲིད་ཀྱི་རྒྱབ་སྐྱོར་འོག ཁོང་གིས་སྤྱི་ཚོགས་ཐོག་ནས་དབང་པོ་སྐྱོན་ཅན་གཞོན་ནུ་དང་དྭ་ཕྲུག་20བཟོ་གྲྭར་བཅུག་ནས། ཁོ་ཚོར་རིག་གནས་དང་རི་མོ། རྐོས་རྩལ། ལྷམ་བཟོ་སོགས་མི་རིགས་ལག་ཤེས་ལག་རྩལ་སློབ་སྦྱོང་བྱེད་དུ་བཅུག་གནང་བ་རེད།

        1997ལོར། ཏང་དང་སྲིད་གཞུང་། ཕྱོགས་ཁག་མི་སྣའི་སེམས་ཁུར་རྒྱབ་སྐྱོར་འོག རྒན་བྱམས་པ་བརྩོན་འགྲུས་ལགས་ཀྱིས་ལོ་མང་གསོག་འཇོག་བྱས་པའི་སྒོར་ཁྲི་40ལྷག་བཏང་གནང་ནས་ཆེད་མངགས་དྭ་ཕྲུག་དང་དབང་པོ་སྐྱོན་ཅན། ཁྱིམ་ཚང་ལ་དམིགས་བསལ་དཀའ་ངལ་ཡོད་པའི་ཕྲུ་གུ་གསོ་སྐྱོང་བྱེད་སའི་སློབ་གྲྭ་བཙུགས་གནང་བ་རེད། ཁྲེང་ཀོན་ཆུས་དབང་པོ་སྐྱོན་ཅན་ཕན་བདེའི་མི་རིགས་ལག་ཤེས་ཕྱོགས་བསྡུས་བཟོ་གྲྭ་དང་སློབ་གྲྭ་གཅིག་ཏུ་སྒྲིལ་ནས། ལྷ་སའི་ལྷ་ཀླུའི་འདམ་རའི་ཟུར་ལ་སྨི་ངོས་སྙོམས་གྲུ་བཞི་མ་3700ཡོད་པའི་སློབ་གྲྭ་གསར་པ་ཞིག་བསྐྲུན་གནང་ནས། ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭ་བཙུགས།

        དགེ་རྒན་མགོན་པོས་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་པ།

        མགོན་པོ་ནི་1996ལོར་སློབ་གྲྭར་སླེབས་པ་ནས་ད་བར་སློབ་གྲྭ་དེར་སློབ་ཁྲིད་ལོ་15གནང་བས། ཁོང་གིས་ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭ་དེ་གཞི་ཁྱོན་ཆུང་བ་ནས་ཆེ་བར་འཕེལ་རྒྱས་ཕྱིན་པའི་དཔང་པོ་བྱེད་ཐུབ། ཁོང་གིས་བཤད་པ་ལྟར། སློབ་གྲྭར་ཐོག་མར་སློབ་མ་35དང་དགེ་རྒན་3ལས་མེད་པས། འཛིན་གྲྭ་ཆེ་འབྲིང་ཆུང་གསུམ་དུ་དབྱེ་བ་དང་སློབ་ཁྲིད་ནང་དོན་གཙོ་བོ་ནི་ཡིག་རྨོངས་སེལ་རྒྱུ་དེ་ཡིན། ད་ལྟ་སློབ་གྲྭར་སློབ་མ་147དང་དགེ་རྒན་12 བར་མང་དུ་ཕྱིན་ཡོད་ལ། སློབ་གྲྭས་སློབ་ན་མ་སོན་པའི་ཕྲུ་གུའི་འཛིན་གྲྭ་དང་སློབ་ཆུང་འཛིན་གྲྭ་1ནས་6བར་དབྱེ་ནས་ལོ་དགུའི་འགན་བབ་སློབ་གསོ་སྤེལ་ཡོད། སློབ་ཁྲིད་ཀྱི་སློབ་དེབ་ནི་རྒྱལ་ཡོངས་དང་གཅིག་མཚུངས་ཡིན་ལ་རྒྱལ་ཡོངས་ཀྱི་སློབ་མཐོན་ཡིག་རྒྱུགས་ནང་ཞུགས་ཀྱི་ཡོད། སློབ་མ་ཚོ་སློབ་ཆུང་མཐོན་རྗེས། ལྷ་སའི་སློབ་འབྲིང་ཁག་ལ་བགོས་ནས་མུ་མཐུད་སློབ་འབྲིང་གི་སློབ་ཚན་སློབ་སྦྱོང་བྱེད་དུ་བཅུག་གི་ཡོད། སློབ་གྲྭ་བཙུགས་ནས་ད་བར་སློབ་མ་107ལས་གནས་ཐོག་བསྐྱོད་ཐུབ་པ་དང་། ཁག་གཅིག་སློབ་གྲྭའི་མི་རིགས་ལག་ཤེས་བཟོ་གྲྭར་ལག་ཤེས་བཟོ་ལས་སློབ་སྦྱོང་བྱེད་ཀྱི་ཡོད།

        དགེ་རྒན་ཙའོ་ཡན་གྱིས་སློབ་མ་ཚོར་སློབ་ཁྲིད་བྱེད་བཞིན་པ།

        ཙའོ་ཡན་ནི་སློབ་གྲྭ་འདིའི་ནང་གི་རྒྱ་རིགས་དགེ་རྒན་གཅིག་བུ་དེ་ཡིན། གསར་འགོད་པས་ཁོང་འཕྲད་དུས། ཁོང་ནི་ཆ་རྐྱེན་ཞན་པའི་ཉལ་ཁང་ནང་སློབ་གཞི་བཟོས་ནས་ཡོད་པ་དང་། ཉལ་ཁང་ནང་ཉལ་ཁྲི་གཅིག་དང་སྒྲོག་རྩེ་གཅིག་ལས་གཞན་གང་ཡང་མེད་པས་ཆ་རྐྱེན་ཧ་ཅང་སྐྱོ་པོ་འདུག ཁོང་ནི་ཀྲུང་གོ་ཞིང་ལས་སློབ་ཆེན་ནས་ཡིན་པ་དང་། 2009ལོར་སློབ་གྲྭས་སྒྲིག་འཛུགས་བྱས་པའི་ཚོགས་པར་ཞུགས་ནས་ལྷ་སར་སླེབས་ནས། ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭར་གླ་མེད་རོགས་སྐྱོར་གྱི་སློབ་ཁྲིད་བྱེད་མྱོང་བས། དེ་ནས་བཟུང་། ཁོང་བོད་ཀྱི་རིག་གནས་ལ་དགའ་ཞེན་དང་བོད་ཀྱི་ས་ཆར་དགའ་པོ་བྱུང་བ་རེད། ཁོང་གིས་ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭའི་ཕྲུ་གུ་ཚོར་ཁོང་དགོས་མཁོ་ཆེ་ལ། ཁོང་འདྲ་བའི་དགེ་རྒན་དེ་བས་མང་བ་དགོས་མཁོ་ཆེ་བ་ཤེས་རྟོགས་བྱུང་བས། དུས་དེ་ནས་བཟུང་། ཙའོ་ཡན་གྱིས་རང་ཉིད་སློབ་གྲྭ་མཐོན་རྗེས་ལྷ་ས་འཇའ་ཚོན་ཕན་བདེའི་དམིགས་བསལ་སློབ་གྲྭར་གླ་མེད་ཀྱི་རོགས་སྐྱོར་དགེ་རྒན་བྱེད་རྒྱུའི་སེམས་ཐག་བཅད་པ་རེད། ཁོང་ནི་2011ལོའི་ཟླ་3པར་སློབ་གྲྭ་དེར་སླེབས་པ་དང་ཁོང་གིས་ལོ་རིམ་5དང་6པའི་རྒྱ་ཡིག་དང་དབྱིན་ཡིག་གི་སློབ་ཚན་ཁྲིད་ཀྱི་ཡོད། ཁོང་ལ་གཟའ་འཁོར་རེར་ཚོགས་ཐེངས་24ཡོད་པས་སློབ་ཚན་མང་ཤོས་ཀྱི་དགེ་རྒན་དུ་གྱུར་ཡོད། ཟླ་བ་གཅིག་ལྷག་ཙམ་སློབ་ཁྲིད་བྱས་པ་བརྒྱུད་སློབ་མ་ཚོའི་སྦྱངས་འབྲས་ལེགས་སུ་ཕྱིན་ཡོད་ལ་སློབ་མ་ཚོས་ཁོང་ལ་ཡང་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ཁོང་གིས་དེ་གར་ལོ་གཅིག་རིང་གླ་མེད་རོགས་སྐྱོར་དགེ་རྒན་བྱེད་རྩིས་ཡོད་པ་རེད།

        སློབ་གྲྭས་བཙུགས་པའི་མི་རིགས་ལག་ཤེས་བཟོ་གྲྭ་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་བྱེད་པ། བོད་སྤོས་དང་བོད་ཤོག མི་རིགས་གྱོན་ཆས། ཡུལ་སྐོར་དྲན་གསོའི་དངོས་པོ་སོགས་སྣེ་ཁ་40ལྷག་ཐོན་སྐྱེད་བྱེད་ཀྱི་ཡོད། བཟོ་གྲྭའི་ལས་འགན་གཙོ་བོ་ནི་བཟོ་གྲྭས་སློབ་གྲྭ་གསོ་བ་དང་སློབ་གྲྭར་ཞབས་འདེགས་བྱ་རྒྱུ་དེ་ཡིན། བཟོ་གྲྭར་བཟོ་པ་དང་ལག་ཤེས་སློབ་མ་བསྡོམས་མི་76ཡོད་པའི་ནང་དབང་པོ་སྐྱོན་ཅན་བཟོ་པ་43ཡོད་པ་རེད། བཟོ་གྲྭར་བོད་རིགས་རིག་རྩལ་པ་རྒན་གྲས་མི་8ཡོད་པས། རིག་རྩལ་པ་རྒན་གྲས་ཚོས་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་ལག་ཤེས་བཟོ་ལས་རྒྱུད་འཛིན། དར་སྤེལ། རིག་རྩལ་པ་གསར་པ་གསོ་སྐྱོང་བྱེད་པའི་འགན་འཁུར་གྱི་ཡོད།

        དབང་པོ་སྐྱོན་ཅན་དང་དྭ་ཕྲུག་ནི་དམིགས་བསལ་གྱི་ཚོགས་པ་ཞིག་ཡིན་པས། རྒན་བྱམས་པ་བརྩོན་འགྲུས་ལགས་ཀྱིས་ཁོ་ཚོར་སློབ་ཁྲིད་བྱས་པའི་དུས་སྔོན་ཐོན་གྱི་སློབ་གསོའི་ཐབས་ཤེས་བེད་སྤྱོད་དང་ནང་སའི་སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་། བོད་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་འབྲེལ་བ་བྱས་ནས་སློབ་གསོའི་ཐབས་ཤེས་འཚོལ་བཤེར་བྱས་ནས་བེད་སྤྱོད་བྱེད་ཀྱི་ཡོད།

        སློབ་མའི་རིག་སྟོབས་ལ་གཞིགས་ཏེ་སློབ་མར་སློབ་གསོའི་དམིགས་ཚད་བཟོས་ནས་ཕུལ་བྱུང་སློབ་མ་གཙོ་བོར་གསོ་སྐྱོང་བྱེད་པ་དང་། སློབ་མའི་རང་བརྟེན་ནུས་པ་མཐོ་རུ་བཏང་བ། དབང་པོ་སྐྱོན་ཅན་སློབ་མས་རྨང་གཞིའི་ཤེས་བྱ་ཤེས་ཐུབ་པ་བྱེད་ཀྱི་ཡོད།

        ད་ལྟ། བོད་ལྗོངས་གླུ་གར་ཚོགས་པ་དང་ནང་སའི་འཁྲབ་སྟོན་ཚན་པས་ཆེད་མངགས་རྒན་བྱམས་པ་བརྩོན་འགྲུས་ལགས་ཀྱི་མི་རིགས་ལག་ཤེས་བཟོ་གྲྭ་ནས་འཁྲབ་སྟོན་གྱོན་ཆས་མངགས་ཉོ་བྱེད་ཀྱི་ཡོད། རྒན་བྱམས་པ་བརྩོན་འགྲུས་ལགས་ཀྱི་སློབ་མས་དབྱིན་ཡིག་སྐད་བརྡའི་འགྲན་སྡུར་ནང་ཨང་དང་པོ་དང་དབང་པོ་སྐྱོན་ཅན་སློབ་མ་10སློབ་གྲྭ་ཆེན་མོར་རྒྱུགས་ཕྲོད་པ་བྱུང་ཡོད།

        རྒན་བྱམས་པ་བརྩོན་འགྲུས་ལགས་ནས་གསར་འགོད་པར་མེ་འཁོར་ཤར་གཏོང་ཐུབ་ནས་ལོ་ལྔ་ཙམ་སོང་ཡང་། ཁོང་གི་སློབ་གྲྭའི་དབང་པོ་སྐྱོན་ཅན་དང་དྭ་ཕྲུག་རྣམས་ཀྱིས་མེ་འཁོར་བསྡད་རྒྱུ་ཕར་བཞོག མིག་གིས་མེ་འཁོར་ཡང་མཐོང་མ་མྱོང་བས། ཉེ་དུས་སློབ་གྲྭས་མ་དངུལ་གྲབ་གསོག་བྱས་ཏེ་སློབ་མ་ཁག་གཅིག་སྒྲིག་འཛུགས་བྱས་ནས་ནང་སའི་ཞིང་ཆེན་འགའ་ཤས་ལ་ལྟ་སྐོར་དང་། སློབ་མ་ཚོ་རྒྱལ་ནང་གི་དར་རྒྱས་ཆེ་བའི་རྣམ་པར་བལྟ་བར་བཏང་ཡོད།

        ཕན་བདེ་དང་དམངས་ཕན་གྱི་བྱ་གཞག་ལ་དགའ་ཞེན་གྱིས་དམིགས་བསལ་སློབ་གྲྭ་བཙུགས་པར་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་དབུ་ཁྲིད་དང་སྤྱི་ཚོགས་ཀྱི་ཁས་ལེན་ཐུབ་ཡོད་ལ། རྒན་བྱམས་པ་བརྩོན་འགྲུས་ལགས་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཚན་པས་རྒྱལ་ཡོངས་ཀྱི་ཕུལ་བྱུང་དམངས་འཛུགས་སློབ་གྲྭ་དང་ཕུལ་བྱུང་སློབ་སྤྱིའི་མཚན་སྙན་ཐེངས་མང་ཐོབ་ཡོད། རྒན་བྱམས་པ་བརྩོན་འགྲུས་ལགས་ཀྱིས་སྤྱི་ཚོགས་ཐོག་དེ་བས་མང་བའི་མི་སྣས་དབང་པོ་སྐྱོན་ཅན་དང་དྭ་ཕྲུག ཁྱིམ་ཚང་ལ་དམིགས་བསལ་དཀའ་ངལ་ཡོད་པའི་ཕྲུ་གུར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས། ཁོ་ཚོའི་བསམ་དོན་གྲུབ་རྒྱུར་རོགས་རམ་གནང་བའི་རེ་བ་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།