དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པས་ཞིང་འབྲོག་མང་ཚོགས་ཁྲི་221ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ལྷ་ས་གྲོང་ཁྱེར་ཚལ་གུང་ཐང་ཤང་གི་ལོ་71ལ་སོན་པའི་ཞིང་པ་པ་སངས་ཀྱིས་2010ལོ་ནས་བཟུང་རྒན་གསོའི་དངུལ་བླངས་ཤིང་། བགྲེས་སོང་གིས “རང་ཉིད་ལའང ‘གླ་ཕོགས ’ལེན་རྒྱུ་ཡོང་སྙམ་པ་བསམ་པའི་ཡུལ་ལའང་མེད ”ཅེས་བཤད། བོད་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་གྲངས་གཞིའི་ཐོག་ནས་2010ལོའི་ལོ་མཇུག་བར་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་དེ་ལྗོངས་ཡོངས་སུ་ཁྱབ་པ་དང་ཞིང་པ་མི་ཁྲི་221དང་འབྲེལ་བ་ཡོད་པ་མངོན་ཡོད་པ་རེད།

        2009ལོའི་ཟླ་11པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་གིས་ཆོག་མཆན་གནང་བ་བརྒྱུད་ལྷ་ས་གྲོང་ཁྱེར་གྱི་ཁྲེང་ཀོན་ཆུས་དང་ལྷོ་ཁ་ས་ཁུལ་གྱི་གྲ་ནང་རྫོང་སོགས་རྫོང (གྲོང་ཁྱེར་དང་ཆུས )7བོད་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟའི་རྫོང་ཁག་དང་པོའི་ཁོངས་སུ་བཅུག་ཅིང་། 2010ལོའི་ཟླ་6པར་བོད་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟའི་ཁོངས་སུ་མ་བཅུག་པའི་རྫོང་66ཚང་མ་2010ལོའི་ཚོད་ལྟའི་རྫོང་གི་ཁྱབ་ཁོངས་རྒྱ་ཆེར་གཏོང་བའི་ཁོངས་སུ་བཅུག་ཡོད་པ་རེད།

        ལོ་ངོ་སྟོང་ཕྲག་མང་པོའི་ཚུན་དུ་བོད་ཀྱི་ཞིང་འབྲོག་ཁུལ་དང་ནང་སའི་གྲོང་གསེབ་འདྲ་བར་རྒན་གསོ་བྱེད་སྟངས་གཞི་རྩའི་ཆ་ནས་ཁྱིམ་ཚང་ལ་བརྟེན་ཏེ་ཐག་གཅོད་བྱེད་ཀྱི་ཡོད་པ་དང་རྒན་གསོའི་ལས་འགན་ཚང་མ་བུ་ཚའི་ཕྲག་ཐོག་ཏུ་བབས་ཀྱི་ཡོད་མོད། འོན་ཀྱང་དུས་རབས་ལ་འཕོ་འགྱུར་བྱུང་བ་དང་ཕྱོགས་མི་ཉིན་རེ་བཞིན་མང་དུ་འགྲོ་བ་དང་ཆབས་ཅིག་ཞིང་འབྲོག་ཁུལ་གྱི་གཞོན་ནུ་མང་པོ་ཞིག་གྲོང་ཁྱེར་ནང་གླ་པ་བྱེད་པར་སྐྱོད་ནས་འཚོ་ཐབས་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་ཞིང་འབྲོག་ཁུལ་དུ “ཁང་སྲུང་བགྲེས་སོང ”མི་ཉུང་བ་ཞིག་ཐོན་ཡོད། གནས་ཚུལ་དེ་རིགས་འོག “བུ་གསོས་ན་རྒས་དུས་གསོ་མཁན་ཡོད་པའི ”སྲོལ་རྒྱུན་རྒྱུན་འཁྱོངས་བྱེད་ཐབས་བྲལ་ཡོད་པ་རེད།

        མིག་སྔར་བོད་དུ་ལག་བསྟར་བྱེད་བཞིན་པའི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་ལམ་ལུགས་གསར་པ་ནི “ས་ཞིང་འདེབས་སྐབས་ཁྲལ་འཇལ་མི་དགོས་པ་དང་། སློབ་གྲྭར་སྐྱོད་སྐབས་སློབ་ཡོན་སྤྲོད་མི་དགོས་པ། ནད་གཞི་ལྟ་སྐབས་སྨན་རིན་མཐོ་པོ་མེད་པ། ས་ཞིང་བཏབ་ན་ད་དུང་གྲོན་དངུལ (ཁ་གསབ )སྤྲོད་པ ”བཅས་ཀྱི་རྗེས་སུ་ལག་བསྟར་བྱས་པའི་དམངས་ཕན་སྲིད་ཇུས་གཞན་ཞིག་ཡིན་པས་ཞིང་འབྲོག་མང་ཚོགས་ཀྱི་རྒས་དུས་གསོ་མཁན་ཡོད་པའི་བསམ་འདུན་མངོན་འགྱུར་བྱུང་ཁར་ཞིང་འབྲོག་མང་ཚོགས་ཀྱི་རྒན་གསོའི་ཁུར་པོ་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཡང་དུ་བཏང་བ་དང་ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྡན་པའི་གཞོན་ནུ་དང་དར་མའི་ཕུགས་ཀྱི་སེམས་ཁྲལ་སེལ་ཡོད་པ་རེད།

        བོད་ལྗོངས་སྟོད་ལུང་བདེ་ཆེན་རྫོང་ཡབ་མདའ་ཤང་གི་ལོ་62ལ་སོན་པའི་ཞིང་པ་འཇིགས་མེད་དང་ལོ་60ཡན་གྱི་བགྲེས་སོང་59ཡིས་ཉེ་དུས་ཟླ་བ་དྲུག་གི་རྒན་གསོའི་དངུལ་ཁྱོན་སྒོར་330བླངས་ཤིང་། ཁོང་ཚོ་ནི་ལྷ་ས་གྲོང་ཁྱེར་གྱི་རྒན་གསོ་འགན་བཅོལ་གྱི་དངུལ་ལེན་མཁན་ཞིང་འབྲོག་མང་ཚོགས་ཁག་དང་པོ་དེ་ཡིན། འཇིགས་མེད་ཀྱིས “སྒོར་སུམ་བརྒྱ་ལྷག་ཙམ་དེ་ང་ཚོ་བགྲེས་སོང་གི་ངོས་ནས་བརྗོད་ན་ཁྱིམ་ཚང་གི་མཁོ་ཆས་ཉོ་ཆོག་པ་མ་ཟད་ལྟོ་གོས་ལེགས་སུ་བཏང་ནས་འཚོ་བ་དེ་བས་ལེགས་པ་ཞིག་སྐྱེལ་ཐུབ ”ཅེས་གསུངས་པ་རེད།

        ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་རྒན་བཅོལ་ལམ་ལུགས་གསར་པ་དེ “རྨང་གཞིའི་རྒན་གསོའི་དངུལ ”དང “མི་སྒེར་གྱི་རྩིས་ཁྲའི་རྒན་གསོའི་དངུལ ”རིགས་གཉིས་སུ་དབྱེ་ཡོད། གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོའི་རྒན་བཅོལ་ལམ་ལུགས་གསར་པ་ལག་བསྟར་བྱེད་སྐབས་ལོ་60སོན་པ་དང་དེ་བཞིན་ལོ་60ཡན་གྱི་བགྲེས་སོང་ཚོས་མི་སྒེར་གྱི་གྲོན་དངུལ་འཇལ་མི་དགོས་པར་མི་རེས་ཟླ་རེར་གཞི་རྩའི་རྒན་གསོའི་དངུལ་སྒོར་55ཐད་ཀར་བླངས་ཆོག་ཅིང་། རྨང་གཞིའི་རྒན་གསོའི་དངུལ་གྱི་ཚད་གཞི་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་འོས་འཚམས་ངང་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། མི་སྒེར་གྱི་རྩིས་ཁྲའི་རྒན་གསོའི་དངུལ་ནི་མི་སྒེར་གྱིས་གྲོན་དངུལ་འཇལ་བ་དང་། གྲོང་ཚོའི་མཉམ་སྡེབ་ནས་ཁ་གསབ་སྤྲོད་པ། སྤྱི་ཚོགས་རྩ་འཛུགས་གཞན་དག་གིས་མ་དངུལ་རོགས་སྐྱོར་བྱེད་པ། སྲིད་གཞུང་གིས་ཁ་གསབ་དང་དེ་བཞིན་སྐྱེད་ཀ་སྤྲོད་པ་སོགས་ལས་གྲུབ་ཅིང་། འགན་བཅོལ་ནང་ཞུགས་མཁན་ནི་ལོ་16ནས་ལོ་59བར་གྱི་མི་རྣམས་ཡིན་ཞིང་། གྲོན་དངུལ་འཇལ་བའི་ཚད་གཞི་ནི་སྒོར་100ནས་སྒོར་500བར་ཁྱོན་རིམ་པ་ལྔར་དབྱེ་ཡོད་པ་དང་རྒན་བཅོལ་ནང་ཞུགས་མཁན་གྱིས་མི་སྒེར་གྱི་ཡོང་འབབ་ཀྱི་ཆུ་ཚད་དང་ཐེག་ནུས་ལ་གཞིགས་ནས་གྲོན་དངུལ་འཇལ་བའི་ཚད་གཞི་གདམ་ཆོག སྲིད་གཞུང་གིས་འགན་བཅོལ་ནང་ཞུགས་མཁན་མི་རེར་ལོ་རེར་ཁ་གསབ་གྲོན་དངུལ་སྒོར་30སྤྲོད་ཀྱི་ཡོད་པ་དང་གྲོང་ཚོ་མཉམ་སྡེབ་ཀྱིས་ཁ་གསབ་ཀྱི་ཚད་གཞི་རང་རྟེན་གཏན་འཁེལ་བྱས་ཆོག་གི་ཡོད་པ་རེད། ལོ་15བསྟུད་མར་གྲོན་དངུལ་འཇལ་བ་དང་ལོ་60སོན་པའི་འགན་བཅོལ་ནང་ཞུགས་མཁན་ལ་རྒན་གསོའི་དངུལ་འོས་འཚམས་ཤིག་རག་གི་ཡོད་པ་རེད།

        བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གཞོན་པ་ལུའུ་ཧའེ་ཡོན་གྱིས་འདི་ལོ་བོད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་གཞི་རྩའི་ཆ་ནས་བསྐྲུན་ཏེ་མི་ཚང་མས་སྤྱི་ཚོགས་འགན་སྲུང་ལོངས་སྤྱོད་ཐུབ་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད་ཅེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།