དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མང་ཚོགས་དང་འབྲེལ་བ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        ལོ་གོང་མར་མཚོ་སྨད་རྫོང་མཚོ་སྨད་གྲོང་རྡལ་གྱི་ཟླ་བ་དོན་གྲུབ་དང་རྡོ་རྗེ་བཀྲ་ཤིས་གཉིས་ཁང་པ་རྒྱག་པའི་རྐྱེན་གྱིས་རྩོད་གཞི་ཐོན་ནས་གདོང་ཐུག་ཤོར་ཉེན་ཡོད་པའི་གནས་ཚུལ་པ་སངས་ཚེ་རིང་གིས་ཤེས་རྗེས། ཉིན་ཤས་བསྟུད་མར་སྒོ་ཁར་སོང་སྟེ་ཁོང་གཉིས་པོར་བསམ་བློའི་སློབ་གསོ་ཡང་ཡང་བཏང་མཐར་ཟླ་བ་དོན་གྲུབ་བཟའ་ཚོ་གཉིས་པོར་སློབ་གསོ་ཐེབས་ནས་རྡོ་རྗེ་བཀྲ་ཤིས་ཁྱིམ་གྱི་ཁང་པ་བརྒྱབ་ཐུབ་པ་བྱུང་བ་དང་ཁྱིམ་མཚེས་དབར་གྱི་འགལ་ཟླ་ཡང་སེལ་ཐུབ་པ་བྱུང་བ་རེད། པ་སངས་ཚེ་རིང་གིས་རྒྱུན་དུ “ཁྱིམ་མཚེས་དབར་གྱི་འགལ་ཟླ་དེ་ཙམ་གྱི་ཆེན་པོ་མེད། གཙོ་བོ་ནི་འབྲེལ་འདྲིས་བྱེད་ཉུང་བ་ལས་བྱུང་བ་ཤ་སྟག་རེད། འདུམ་འགྲིག་པ་ཞིག་གི་ངོས་ནས་འདི་འདྲའི་སྐབས་སུ་སེམས་པ་རྣལ་དུ་ཕབ་ནས་རྒྱུ་རྐྱེན་མཐིལ་རྟོགས་པ་བྱས་མཐར་བློ་རྩ་བརྟན་པོའི་སྒོ་ནས་ཁྲིམས་ལྟར་དོན་སྒྲུབ་པ་ལས་སྒེར་དོན་མ་གཉེར་བས་དོ་བདག་ཚོས་ཁ་ཞེ་གཉིས་མོས་བྱེད་ཀྱི་རེད། གལ་སྲིད་ཐེངས་གཅིག་ལ་འདུམ་འགྲིག་མ་ཐུབ་ན་ཐེངས་གཉིས་དང་གསུམ་བྱེད་ཀྱི་ཡོད། མི་ཚང་མ་ནི་སེམས་དང་ལྡན་པ་ཡིན་ཕྱིན་རང་དཔེ་གཞན་འཇོག་བྱས་ནས་གནད་དོན་ལ་བསམ་གཞིགས་བྱས་པ་ཡིན་ན་ལས་ཀའི་ཚད་བརྒལ་བྱེད་ས་ཪྙེད་ཐུབ་པ་མ་ཟད་གནས་ཚུལ་ལ་འགྱུར་ལྡོག་གཏོང་ཐུབ ”ཅེས་ཤོད་ཀྱི་ཡོད།

        དེ་ནི་མི་དམངས་ཀྱི་འདུམ་འགྲིག་པ་པ་སངས་ཚེ་རིང་གིས་འགལ་ཟླའི་རྩོད་གཞི་འདུམ་འགྲིག་བྱེད་པའི་ཁྲོད་ཀྱི་གནས་ཚུལ་རགས་ཙམ་ཞིག་རེད།

        ཉེ་བའི་ལོ་ཤས་རིང་མཚོ་སྨད་རྫོང་གི་དཔལ་འབྱོར་འཛུགས་སྐྲུན་ཡར་ངོའི་ཟླ་ལྟར་གོང་འཕེལ་འགྲོ་བ་དང་ཆབས་ཅིག་ལོ་རེའི་ཟླ་11པའི་ཟླ་དཀྱིལ་དུ་ས་གནས་ཁག་གི་ཞིང་འབྲོག་པ་དང་ཚོང་དུད་ཚོ་ས་ཆ་དེ་གར་ཚོགས་པའི་ཚོང་འདུས་དང་རིག་གནས་སྤེལ་རེས་ཚོགས་འདུར་ཞུགས་ཀྱི་ཡོད། སྐབས་རེ་ཚོང་དུད་དང་ཚོང་དུད་ཁྲོམ་བཀྱག་ཧབ་ཐོབ་རྒྱག་པ་ལས་འགལ་ཟླ་ཐོན་པ་ནི་གཡོལ་ཐབས་མེད་པ་ཞིག་རེད། གནས་ཚུལ་དེར་གཞིགས་ཏེ་པ་སངས་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་ངང་རྒྱུད་རིང་པོའི་སྒོ་ནས་ཁ་ཏ་བསླབ་བྱ་དང་བར་འདུམ་བྱེད་ཀྱི་ཡོད། ནན་ཏན་ངང་འགན་འཁུར་བའི་དབང་གིས་ཁོང་གིས་བར་འདུམ་ཐུབ་ཚད་100% ཟིན།

        2008ལོར་མཚོ་སྨད་གྲོང་རྡལ་གྱི་ལོ་དྲུག་ཅུ་སོན་པའི་བགྲེས་སོང་པད་མའི་བུ་གསུམ་དབར་ཁྱིམ་གྱི་རྒྱུ་ནོར་བགོ་བཤའ་རྒྱག་རྒྱུའི་ཐད་འགལ་ཟླ་བྱུང་ནས་བགྲེས་སོང་གི་བསྙེན་བཀུར་གནད་དོན་དོན་འཁྱོལ་བྱ་ཐབས་བྲལ་བ་རེད། བགྲེས་སོང་གིས་གནད་དོན་དེ་རིམ་པ་བཞིན་གྲོང་རྡལ་དུ་གོང་ཞུ་བྱས་ནས་རོགས་པ་གནང་རོགས་ཞུས་པ་དེ་པ་སངས་ཚེ་རིང་གིས་ཤེས་རྗེས་ལམ་སེང་ཁྱིམ་དུ་སོང་ནས་སློབ་གསོ་བརྒྱབ་ཐོག་འདུམ་འགྲིག་བྱས་ཤིང་། ཁོང་གིས་དང་ཐོག་བགྲེས་སོང་པད་མའི་བུ་གསུམ་པོར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་སྒྲོག་འགྲེལ་བྱས་པ་དང་བུ་ཕྲུག་གིས་ཕ་མར་བསྙེན་བཀུར་བྱ་རྒྱུ་ནི་ཁྲིམས་གཏན་འཁེལ་བའི་འོས་འགན་ཞིག་ཡིན་པ་དང་དེ་ནི་ཕ་མས་རྒྱུ་ནོར་བཞག་ཡོད་མེད་ཆ་རྐྱེན་དུ་བརྩི་རྒྱུ་མེད་པར་ཕ་མས་བུ་ཕྲུག་ནར་མ་སོན་བར་གསོ་སྐྱོང་བྱས་པར་ཁོང་ཚོས་དཀའ་སྡུག་མང་པོ་མྱངས་ཡོད་པ་བཅས་ཀྱི་སྐོར་འགྲེལ་བཤད་དང་ཁ་ཏ་བསླབ་བྱ་ཐེངས་མང་བྱས་རྗེས་པད་མའི་བུ་གསུམ་སེམས་ཁུག་ནས་ཕར་རང་འགུལ་ངང་དགོངས་དག་ཞུས་ཏེ་བསྙེན་བཀུར་གྱི་འོས་འགན་ཁུར་འདོད་ཡོད་ཅེས་བཤད་པ་རེད། བུ་ཚོ་སེམས་ཁུག་པ་དེས་བགྲེས་སོང་པད་མ་སེམས་འགུལ་ཐེབས་ཏེ་མིག་ལ་མཆི་ཞག་འཁོར་བཞིན་དུ “པ་སངས་ཚེ་རིང་གིས་ང་ལ་སླར་ཡང་ཁྱིམ་གྱི་དྲོ་སྐྱིད་ཚོར་ཐུབ་པ་བྱས་བྱུང་བས་ངས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན ”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།