དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དྲང་པོའི་གཏམ་ཤོད་པ་དང་དྲང་པོའི་ལས་ལ་གཞོལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        མི་སྣའི་ཡིག་ཚགས།

        དཔལ་མགོན། སྐྱེས་པ། 1951ལོའི་ཟླ་6པར་སྐྱེས། 1975ལོའི་ཟླ་8པར་ལས་ཀར་ཞུགས། 1996ལོའི་ཟླ་6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ད་ཆ་སྟེང་ཆེན་རྫོང་ཁྲི་རྡོ་གྲོང་རྡལ་གྱི་མི་དམངས་འདུམ་འགྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་འཁུར་བཞིན་ཡོད།

        དཔལ་མགོན་ལས་ཀར་ཞུགས་ཚུན་ཐོག་མཐའ་བར་གསུམ་དུ་གཞི་རིམ་དུ་མི་དམངས་འདུམ་སྒྲིག་པའི་ལས་ཀ་བྱས་ཏེ་མི་དམངས་འདུམ་འགྲིག་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་གསོག་འཇོག་བྱས་ཡོད། ཁྲི་རྡོ་གྲོང་རྡལ་དུ་ལས་ཀ་ལོ་20ཙམ་བྱེད་རིང་ཁོང་གིས་སྤྲོ་བ་རབ་ཏུ་བརྟས་པ་དང་ཚད་མཐོའི་འགན་འཁུར་གྱི་རྣམ་འགྱུར་ཐོག་ནས་གྲོང་རྡལ་དེ་ཡོངས་ཀྱི་དུད་ཚང་ཚང་མར་བསྐྱོད་དེ་ཏང་གི་བྱེད་ཕྱོགས་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་གྱི་ཤེས་བྱ་མང་ཚོགས་ཁྲོད་དུ་དྲིལ་བསྒྲགས་བྱས་ཐོག་དམངས་ཁྲོད་རྩོད་གླེང་ཁག་དུས་ཐོག་ཏུ་བསལ་ཡོད། ཁོང་གིས་འགལ་ཟླའི་རྩོད་གླེང་ཁག་འདུམ་འགྲིག་དང་ཐག་གཅོད་བྱེད་ཚད་98%ཡན་ལོན་ནས་མི་དམངས་འདུམ་འགྲིག་པ་ཞིག་གི་འགན་འཁྲི་ཡག་པོ་བསྒྲུབས་ཡོད།

        རང་འགན་གཙང་སྒྲུབ་དང་རྩོད་གླེང་བསལ་ནས་མི་དམངས་བདེ་ལ་འཁོད་པ།

        ད་ཕན་ལོ་ཤས་རིང་ཁྲི་རྡོ་གྲོང་རྡལ་གྱི་ཁྱིམ་ཚང་དང་། ཁྱིམ་མཚེས། གཉེན་སྒྲིག སྡོད་གནས་རྟེན་གཞི། རྩྭ་ཐང་སོགས་ཐད་ཀྱི་དམངས་ཁྲོད་འགལ་ཟླ་རྟག་ཏུ་ཐོན་པ་དེ་དག་དཔལ་མགོན་གྱིས་རེ་རེ་བཞིན་གྲལ་བཤེར་དང་ཐག་གཅོད་བྱས་པས་མང་ཚོགས་བློ་ཡིད་ཧ་ཅང་ཚིམས་པོ་བྱུང་ཡོད། ས་གནས་དེ་གའི་མང་ཚོགས་ཀྱིས “གང་དུ་བདེ་འཇགས་མེད་ཚེ་དེ་གར་དཔལ་མགོན་གྱིས་གྲལ་བཤེར་བྱེད་པ་དང་། གང་དུ་རྩོད་གླེང་བྱུང་ཚེ་དེ་གར་དཔལ་མགོན་སླེབས་ཀྱི་ཡོད། དཔལ་མགོན་གང་དུ་སླེབས་ཚེ་དེ་གར་དེ་བས་བརྟན་ལྷིང་དང་བདེ་འཇགས་ལྡན་པ་ཞིག་ཡོད ”ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།

        2008ལོའི་ཟླ་8པའི་ཉིན་ཞིག་གི་ཉིན་དགུང་སྦྲང་ཆར་ཟིམ་མ་བབས་པ་དང་དཔལ་མགོན་གྱིས་ལྟོ་ཆས་ཟ་རྩིས་བྱེད་པའི་སྐབས་དེར་གྲོང་མི་ཞིག་གིས་བར་རྒེས་གྲོང་ཚོའི་དམ་འོད་དང་ཁྱིམ་མཚེས་ཚེ་རིང་ཕུན་ཚོགས་དབར་ཁང་པ་རྒྱག་པའི་ས་ཆའི་ཐད་རྩོད་པ་ཤོར་ནས་གཞུ་རེས་བྱེད་རྩིས་འདུག་ཅེས་བྲེལ་འཚུབ་ངང་བཤད། དཔལ་མགོན་གྱིས་ཐོས་མ་ཐག་ལྷམ་ཡང་བརྗེ་ཁོམ་མེད་པར་གནས་ཚུལ་ཐོན་ཁུལ་དུ་བསྐྱོད། དམ་འོད་ཀྱིས་ཚེ་རིང་ཕུན་ཚོགས་ཀྱི་སྒོ་ཁར་ཁང་པ་རྒྱག་རྩིས་བྱས་ཏེ་རྩིག་རྨང་ཡང་འདྲུས་ཟིན་ཡོད། ཁང་པའི་དཀར་ཆ་མི་འགོག་པའི་ཆེད་ཚེ་རིང་ཕུན་ཚོགས་ཀྱིས་རྒྱབ་ཏུ་སྨི་6ཕྱིར་བཤོལ་བྱ་རྒྱུའི་རེ་བ་བཏོན་ཡོད། དམ་འོད་ཀྱིས་དེ་ལྟར་མ་བྱས་སྟབས་ཁོང་གཉིས་དབར་རྩོད་གླེང་བྱུང་ནས་ཐ་ན་གཞུ་རེས་ཐུག་ཡོད། དཔལ་མགོན་དུས་ཐོག་ཏུ་སླེབས་རྗེས་ཁོང་གཉིས་པོར་ཁ་ཏ་བྱས་པས་གནས་ཚུལ་ཞི་ལྷོད་དུ་གྱུར་བ་དང་དེ་རྗེས་རྩོད་གླེང་འབྱུང་རྐྱེན་རྩད་འདྲི་ཞིབ་ཕྲ་བྱས། ཡུན་རིང་ངང་རྒྱུད་རིང་པོས་ཁ་ཏ་བྱས་རྗེས་མཐར་ཕྱོགས་གཉིས་པོའི་བསམ་འཆར་གཅིག་མཐུན་བྱུང་སྟེ་མི་ཕྱུགས་འགྲོ་སྐྱོད་བྱེད་པར་སྟབས་བདེ་ཡོང་ཆེད་དམ་འོད་ཀྱིས་རྒྱབ་ཏུ་སྨི་4ཕྱིར་བཤོལ་བྱས་ཐོག་ཁོང་གཉིས་པོས་དགོངས་སེལ་ཞུ་རེས་བྱས། སེམས་རྣལ་དུ་ཕབ་པའི་ངང་གནད་དོན་ཐག་གཅོད་ཐུབ་སྟབས་འབྲས་བུ་དེར་ཁོང་གཉིས་བློ་ཡིད་ཧ་ཅང་ཚིམས་པོ་བྱུང་ཡོད། དཔལ་མགོན་ངལ་དུབ་ཆེན་པོས་ཁྱིམ་དུ་ལོག་སྐབས་དགོང་དྲོའི་ཆུ་ཚོད་བདུན་པ་ལྷག་ཙམ་ཟིན་ཡོད་པ་རེད།

        གཞུང་དྲང་སྤྱོད་གཙང་དང་དྲང་གཞག་རྒྱུན་འཁྱོངས་བྱེད་པ།

        ཁྲི་རྡོ་གྲོང་རྡལ་དུ་ལས་ཀ་བྱས་ཚུན་ལས་ཀའི་དུས་ཚོད་ཡིན་ནའང་འདྲ་ཡང་ན་ལས་ཞོར་དུས་ཚོད་ཡིན་ཡང་རུང་རྩོད་གླེང་ཡོད་ཚེ་དཔལ་མགོན་འཕྲལ་མ་ཉིད་དུ་གནས་ཚུལ་ཐོན་ཡུལ་དུ་སླེབས་པ་དང་། རོགས་རམ་བྱ་རྒྱུའི་ཞུ་བ་འབུལ་མཁན་ཡོད་ཚེ་ཁོང་གིས་ཁས་མི་ལེན་པ་གཏན་ནས་བྱེད་ཀྱི་མེད།

        2009ལོའི་ཟླ་3པར་ཝ་ཧོ་གྲོང་ཚོའི་གྲོང་མི་འཆི་རྡོར་དང་ཡེ་ཤེས་དབར་ས་མཚམས་ཀྱི་གནད་དོན་ཐད་རྩོད་གླེང་བྱུང་ཡོད། དམངས་གཙོའི་བཅོས་སྒྱུར་བྱེད་སྐབས་ས་ཆ་བགོས་ཏེ་ཁྱིམ་ཚང་གཉིས་པོས་མཉམ་དུ་ཞིང་ཁ་རྨོ་བ་དང་ནས་བསྡུ་བ་སོགས་བྱེད་ཀྱི་ཡོད། ད་ཆ་ཁོང་གཉིས་དབར་རྩོད་གླེང་བྱུང་ནས་གྲོང་ཚོ་ཨུ་ལྷན་གྱིས་འདུམ་འགྲིག་བྱས་ཀྱང་ཁོང་གཉིས་པོས་རང་འདོད་ཞེ་འཛིན་གྱིས་བཟོད་སྒོམ་བྱེད་རེས་བྱས་མེད། དཔལ་མགོན་གྱིས་གནས་ཚུལ་ཤེས་རྟོགས་བྱས་རྗེས་རང་འགུལ་ངང་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་ཁོང་གཉིས་པོ་དང་གླེང་མོལ་ཞིབ་ཕྲ་བྱས། གླེང་མོལ་བྱེད་རིང་འཆི་རྡོར་གྱིས་ས་མཚམས་གསར་དུ་དབྱེ་ཆེད་ཨུ་ཚུགས་ངང་དཔལ་མགོན་ཁྱིམ་དུ་ལྟོ་ཆས་ཟ་བར་སྐད་བཏང་ཡང་ཁོང་གིས་ཁས་གཏན་ནས་བླངས་མེད་པ་མ་ཟད “རང་ཉིད་ནི་མི་དམངས་འདུམ་འགྲིག་པ་ཞིག་ཡིན་པས་འགལ་ཟླ་འདུམ་འགྲིག་བྱ་རྒྱུ་དེ་ངའི་ལས་འགན་ཡིན་ལ་མང་ཚོགས་ཀྱིས་ང་ལ་སྤྲད་པའི་ལས་འགན་ཞིག་ཀྱང་ཡིན། འདུམ་འགྲིག་བྱེད་སྐབས་ངས་གཞུང་དྲང་དང་དྲང་གཞག་བྱེད་པ་ལས་ཕྱོགས་ལྷུང་གཏན་ནས་བྱེད་མི་སྲིད ”ཅེས་བཤད། དཔལ་མགོན་གྱིས་ས་གནས་ས་ཐོག་ཏུ་རྩད་ཞིབ་ཐེངས་མང་བྱས་པ་དང་མང་ཚོགས་ལ་བཅར་འདྲི་བྱས་པ་བརྒྱུད་མཐར་ཁོང་གཉིས་པོའི་ས་མཚམས་དྲང་གཞག་ངང་ཕྱེ་ནས་ཁོང་གཉིས་དབར་མཐུན་ཐབས་བྱས་པས་ས་མཚམས་ཀྱི་གནད་དོན་ཐད་སླར་ཡང་རྩོད་གླེང་བྱུང་མེད། གནད་དོན་དེ་བརྒྱུད་ཚང་མས་ཁོང་ལ “ཉེ་རིང་མེད་པའི་དཔལ་མགོན ”ཞེས་པའི་མིང་བཏགས།

        དཔལ་མགོན་གྱིས་གཞི་རིམ་དུ་མི་དམངས་འདུམ་འགྲིག་པའི་ལས་ཀ་བྱས་ཚུན “དམངས་དོན་རྩོད་གླེང་ལ་སྣང་ཆུང་མི་བྱེད་པའི ”ལྟ་ཚུལ་དེ་སེམས་ནང་བརྟན་པོར་ངེས་ནས་ཕྱོགས་གཅིག་གི་དུས་བདེ་སྲུང་སྐྱོང་དང་ཤང་གཅིག་གི་འཕེལ་རྒྱས་དོན་གཉེར་བྱ་ཆེད་ལང་ཚོ་དང་ཁྲག་དྲོན་སྐྱེས་སུ་ཕུལ་ཡོད། ཁོང་ཕོ་གསར་ཞིག་ནས་དབུ་སྐྲ་དུང་ལྟར་དཀར་བའི་ཀུན་གྱི་གུས་བཀུར་ཐོབ་པའི་བགྲེས་སོང་ཞིག་བར་མི་སེར་གྱི་བསྔགས་བརྗོད་དང་། གུས་བཀུར། ཡིད་ཆེས་བཅས་ཐོབ་ཡོད། ད་ཆ་ཁོང་གིས་དོན་དངོས་ཀྱི་ཐོག་ནས་གཞི་རིམ་མི་དམངས་འདུམ་འགྲིག་པ་ཞིག་གི་འགན་འཁྲི་སྔར་བཞིན་མཐའ་འཁྱོངས་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།