དབུ་ཤོག>གསར་འགྱུར།>དམངས་འཚོ།
  • “ནོར་སྲིད་ཆུང་ངུས”“དམངས་འཚོ་ཆེ་མོར”སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་རིང་བའི་སྔོན་དུ་ཞིང་འབྲོག་མང་ཚོགས་དེ་བས་མང་བར་བཪྙན་འཕྲིན་ལྟ་རྒྱུ་ཡོང་ཆེད་མལ་གྲོ་གུང་དཀར་རྫོང་རིག་གནས་རླུང་འཕྲིན་ཅུས་ཀྱི “གྲོང་ཚོ་ཡོངས་ལ་ཤར་གཏོང་བྱེད་པའི ”རླུང་འཕྲིན་ས་ཚིགས་ཀྱི་ལས་དོན་པ་ཉི་མ་ལྕང་རྭ་ཤང་མར་རྭ་གྲོང་ཚོར་བསྐྱོད་དེ་གློག་ཤར་གཏོང་ཐུབ་པའི་འབྲོག་དུད་30ལ་དུད་ཚང་ཀུན་ལ་ཤར་གཏོང་ཐུབ་པའི་བསྡུ་ལེན་གནམ་སྐུད་དང་རིམ་སྤར་འཕྲུལ་ཆས་སྒམ་30བསྒར་ནས་མར་རྭ་གྲོང་ཚོའི་རྒྱ་ཆེའི་འབྲོག་པར་དུས་ཐོག་དང་གསལ་པོའི་སྒོ་ནས་ལྟད་མོ་ཆེ་བའི་བཪྙན་འཕྲིན་ལེ་ཚན་བལྟ་རྒྱུ་ཡོང་བའི་འགན་ལེན་བྱས་པ་རེད།

        ཁྲེང་ཀོན་ཆུས་ཧའེ་ཁྲེང་སློབ་ཆུང་གི་ཕྲུ་གུ་ཚོས་གསར་དུ་བསྒར་བའི་བརྒྱུད་ལམ་སྣེ་མང་གི་སྨྱན་སྦྱོར་གྱི་སློབ་ཁྲིད་སྒྲིག་ཆས་སྤྱད་པ་དང་ཁོང་ཚོས་རང་ཉིད་ཀྱང་ནང་སའི་གྲོང་ཁྱེར་ཆེ་མོའི་ནང་གི་ཕྲུ་གུ་དང་འདྲ་བར་དེང་རབས་ཅན་གྱི་སློབ་སྦྱོང་སྒྲིག་ཆས་སྤྱོད་རྒྱུ་ཡོད་པས་སློབ་སྦྱོང་བྱེད་སེམས་དེ་བས་ཆེ་རུ་ཕྱིན་སོང་ཞེས་བཤད།

        ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ནོར་སྲིད་ཡོང་འབབ་དེ་ཙམ་མང་པོ་མེད་པའི་གནས་ཚུལ་འོག་གྲོང་ཁྱེར་དེ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་དོ་ཁུར་ཆེ་ཤོས་བྱེད་པ་དང་། ཐད་ཀའི་འབྲེལ་བ་ཡོད་པ། ཆེས་དངོས་ཡོད་བཅས་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་བྱ་རྒྱུ་ནས་འགོ་བཙུགས་ཏེ་མ་དངུལ་སྒོར་དུང་ཕྱུར་ཁ་ཤས་དམངས་འཚོའི་ཁྱབ་ཁོངས་ནང་སྤྱད་ནས་རྒྱ་ཆེའི་མང་ཚོགས་ལ་ཕན་པའི་བྱ་བ་དངོས་བསྒྲུབས་ཡོད།

        བདེ་འཇགས་ལྡན་ལ་ཁང་གླ་ཁེ་བའི་སྡོད་ཁང་བསྐྲུན་པས་ཡོང་འབབ་དམའ་བའི་ཚོགས་སྤྱིར་སྡོད་ཁང་བྱུང་བ།

        ཁང་གླ་ཁེ་བའི་སྡོད་ཁང་འཛུགས་སྐྲུན་བྱ་རྒྱུ་དེ་ཏང་གི་ཚོགས་ཆེན་བཅུ་བདུན་པའི་ཐོག་བཏོན་པའི “སྡོད་སའི་ཁང་པ་ཡོད་པའི ”དམིགས་ཚད་མངོན་འགྱུར་བྱེད་པ་དང་། དམངས་འཚོ་ལེགས་སུ་གཏོང་བ། མཐུན་སྦྱོར་བསྐྲུན་པ། དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་པ་བཅས་ཀྱི་བྱ་སྤྱོད་ཞིབ་ཕྲ་ཞིག་རེད། ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཁང་གླ་ཁེ་བའི་སྡོད་ཁང་བསྐྲུན་རྒྱུ་དེ “དམངས་འཚོའི་ལས་གྲྭ་ཨང་དང་པོར ”བཞག་ནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི “འགོ་ཁྲིད་གཙོ་བོས ”འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས་པ་དང་འབྲེལ་དཔྱད་ཞིབ་ནང་དོན་ནང་བཅུག་ཡོད།

        ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་ཁང་གླ་ཁེ་བའི་སྡོད་ཁང་སྐྲུན་ཐེངས་དང་པོ་སྟེ་ཉི་འོད་ཁྱིམ་གཞིས་དེ་མིག་སྔར་བོགས་གཏོང་ཁག་དང་པོ་དང་། གཉིས་པ། གསུམ་པ་བཅས་བྱས་ནས་རང་སྐྱོང་ལྗོངས་དང་གྲོང་ཁྱེར་གྱི་གཞུང་ཁོངས་ཁེ་ལས་དང་ཏང་སྲིད་ལས་ཁུངས་ཀྱི་བྱ་གཞག་ཚན་པའི “དཀའ་ངལ་ཉིས་ལྡན ”ཁྱིམ་ཚང 654ཡི་སྡོད་ཁང་གནད་དོན་ཐག་གཅོད་བྱས་ཏེ་མིག་སྔར་དུད་ཚང་དེ་དག་ཚང་མ་གནས་སྤོ་བྱས་ཡོད། སྡོད་ཁང་ལྷག་མ་300ལྷག་ཙམ་དེ་དག་ནི་ཏང་སྲིད་ལས་ཁུངས་དང་། བྱ་གཞག་ཚན་པ། སྤྱི་ཚོགས་མཉམ་སྡེབ་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་ཞིང་དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་ཀྱི་སྡོད་ཁང་གི་གནད་དོན་ཐག་གཅོད་བྱ་རྒྱུར་གཙོ་བོ་སྤྱོད་རྒྱུ་རེད། ཁྲེང་ཀོན་ཆུས་ཀྱི་ཁང་གླ་ཁེ་བའི་སྡོད་ཁང་རྣམ་གྲངས་ཀྱིས་ས་ཞིང་ཤོར་བའི་ཞིང་པ་བཀོད་སྒྲིག་བྱེད་པའི་ཁང་པ་དང་ཁང་གླ་ཁེ་བའི་སྡོད་ཁང་ཕན་ཚུན་ཟུང་འབྲེལ་བྱེད་པའི་དཔེ་དབྱིབས་སྤྱད་དེ་འཛུགས་སྐྲུན་བྱེད་པ་དང་རྣམ་གྲངས་ལེགས་གྲུབ་ཟིན་རྗེས་གྲོང་ཁྱེར་གྱི་ཡོང་འབབ་དམའ་བའི་ཡུལ་མི་དུད་ཚང་1300ཡི་སྡོད་ཁང་གནད་དོན་ཐག་གཅོད་ཐུབ་རྒྱུ་དང་ཤར་གྲོང་ཁུལ་གྱི་ས་ཞིང་ཤོར་བའི་ཞིང་དུད་259བཀོད་སྒྲིག་བྱ་རྒྱུ་རེད། མིག་སྔར་སྡོད་ཁང་984བེད་སྤྱོད་རྒྱུར་རྩིས་སྤྲོད་བྱས་པ་དང་དུད་ཚང་495གནས་སྤོ་བྱས་པ་རེད།

        བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དང་རྫོང་བདུན་དང་ཆུས་གཅིག་ཏུ་ཁང་གླ་ཁེ་བའི་སྡོད་ཁང་ཁྱོན་2204བསྐྲུན་པ་དང་སྡོད་ཁང་576སྐྲུན་བཞིན་ཡོད་པ་རེད། ཁང་གླ་ཁེ་བའི་སྡོད་ཁང་བསྐྲུན་པ་དེས་དཀའ་ངལ་ཡོད་པའི་ཡུལ་མིའི་སྡོད་ཁང་དཀའ་ངལ་ཚད་གཞི་ངེས་ཅན་གྱི་ཐོག་ནས་ཐག་གཅོད་བྱུང་བ་དང་མི་སེར་ལ་ཏན་ཏན་ཏིག་ཏིག་གི་བྱ་བ་བཟང་པོ་བསྒྲུབས་པ་རེད།

        སྲིད་ཇུས་དོན་འཁྱོལ་བྱས་པས་ཞིང་སྐྱོར་དང་ཞིང་ཕན་གྱི་ཕན་འབྲས་དངོས་ཐོན་པ།

        ཆུ་ཤུར་རྫོང་གནམ་ཤང་ལྗང་གྲོང་ཚོའི་ཟླ་བཟང་ནི་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཕྱུག་པོ་ཆགས་ཏེ་ཡངས་ཤིང་དཀར་ཆ་དོད་པའི་ཐོག་ཁང་ནང་སྤོ་རྒྱུ་བྱུང་བ་མ་ཟད། ད་དུང་རང་ཉིད་ཀྱི་ཀུང་སིའང་བཙུགས་ཡོད། 2010ལོར་ཁོང་དང་མི་གཞན་མཉམ་ལས་བྱས་ཏེ་ཆུ་ཤུར་རྫོང་གི་ཞིང་འབྲོག་པའི་དར་རྒྱས་འཛུགས་སྐྲུན་ཚད་ཡོད་ཀུང་སི་བཙུགས་ནས་ཐོ་འགོད་མ་དངུལ་སྒོར་ཁྲི་350ལོན་པ་དང་ཀུང་སི་དེའི་ལོའི་ཁེ་སྤོགས་སྒོར་ཁྲི་320ཟིན་གྱི་ཡོད། འདི་ལོ་ཟླ་བཟང་མི་སྒེར་ལ་སྔོན་དཔག་བྱས་ན་ལོའི་ཡོང་འབབ་སྒོར་ཁྲི་15ལོན་རྒྱུ་དང་། ཁྱིམ་ཚང་གི་མི་རེའི་ཡོང་འབབ་ཁེ་གཙང་སྒོར་ཁྲི་1.8ལོན་པ། ཁྱིམ་ཚང་གི་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་180ཡོད་པ་བཅས་རེད།

        ལྷ་ས་གྲོང་ཁྱེར་གྱི་རྫོང (ཆུས )ཁག་ཏུ་ཏང་གི་དམངས་ཕྱུག་སྲིད་ཇུས་ལ་བརྟེན་ནས་ཕྱུག་པོ་ཆགས་པའི་ཟླ་བཟང་དང་འདྲ་བའི་ཞིང་པ་མང་དག་ཅིག་ཡོད། ཁོང་ཚོས་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ་མ་ཟད། ས་ཆ་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་སྣེ་ཁྲེད་དེ་མཉམ་དུ་ཕྱུག་འགྱུར་བྱ་རྒྱུའང་བརྗེད་མེད།

        ད་ཕན་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་གྱིས་ཞིང་ལས་སྟོབས་ཆེ་དང་ཞིང་ཕན་སྲིད་ཇུས་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་འབྲུ་རིགས་ཀྱི་ཐད་ཀའི་ཁ་གསབ་དང་ཞིང་ལས་རྒྱུ་ཆའི་ཕྱོགས་བསྡུས་ཁ་གསབ་སྒོར་ཁྲི་1166.17སྤྲད་པ་དང་གོང་རིམ་གྱི་མ་འཇོག་སྒོར་ཁྲི་1250བརྩོན་ལེན་བྱས་ནས་ཞིང་འཕྲུལ་ཡོ་བྱད 9489ཁ་སྣོན་བྱས་པ་དང་། རིམ་པ་དེ་གའི་ནོར་སྲིད་ཀྱིས་ཞིང་སྤྱོད་འབར་སྣུམ་གྱི་ཁ་གསབ་སྒོར་ཁྲི་847སྤྲད་པ། སྲིད་གཞུང་གིས་མ་དངུལ་བཏོན་ནས་ཞིང་འབྲོག་ཐོན་ཟོག་ཕྱིར་ཚོང་བྱེད་ཡུལ་ཉོ་སྒྲུབ་བྱས་ཏེ་ཞིང་འབྲོག་པར་རིན་མེད་ངང་མཁོ་འདོན་བྱས་པ་བཅས་རེད། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་ཕུ་མདོ་ཆུ་བེད་ལྟེ་བའི་ལས་གྲྭའི་རགས་ཆེན་གྱི་གཙོ་གཟུགས་འཛུགས་སྐྲུན་གྱི་འཕེལ་རིམ་བདེ་བླག་ཡོད་པ་དང་སྙེ་མོའི་གཞུ་སྨད་འདྲེན་ཁུལ་དང་ཆུ་ཤུར་གྱི་ཆུ་མཛོད་2སོགས་ཆུ་བེད་རྐང་འཛིན་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ཞིང་འབྲོག་པའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཧུར་ཐག་བཏང་ནས་འགྲིམ་འགྲུལ་ལམ་བུ་གཙོ་བོའི་རྒྱུད་དང་ཡུལ་ལྗོངས་ཁུལ་གལ་ཆེན་གྱི་མཐའ་འཁོར་གྱི་བདེ་སྡོད་ལས་གྲྭ་ཧྲིལ་པོ་སྒྱུར་བཀོད་དང་རིམ་སྤོར་ཁྱོན་ཡོངས་ནས་བྱེད་འགོ་ཚུགས་པ་དང་། ཞིང་འབྲོག་ཁུལ་གྱི་གཞུང་ལམ་སྤྱི་ལེ་48.56བསྐྲུན་ནས་ཤང་གྲོང་དུ་སྣུམ་ནག་ལམ་ཤར་གཏོང་ཐུབ་ཚད་92.98%ཟིན་པ། དུས་ཐེངས་གསུམ་པའི་ཞིང་དྲ་སྒྱུར་བཀོད་དང་དུད་ཚང་ཀུན་་ལ་གློག་ཤར་གཏོང་ཐུབ་པའི་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་ཟིན་པ་བཅས་རེད།

        གཏོང་ཆ་ཆེ་རུ་བཏང་ནས་འདི་ལོ་བྱ་བ་དངོས་བཅུ་གཉིས་སྒྲུབ་རྒྱུ་ཡིན་པ།

        “ནོར་སྲིད་ཆུང་ངུས ”“དམངས་འཚོ་ཆེ་མོར ”འདེགས་སྐྱོར་བྱས་ཏེ་དམངས་ཆེད་བྱ་བ་དངོས་བསྒྲུབ་རྒྱུ་དེ་ལམ་ལུགས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་དམངས་འཚོ་སླར་ཡང་ལེགས་སུ་གཏོང་ཆེད་དམངས་འཚོའི་རྣམ་གྲངས་གཞན་དག་ལག་བསྟར་བྱེད་པའི་ཕན་འབྲས་སྲ་བརྟན་དང་གོང་མཐོར་གཏོང་བའི་རྨང་གཞིའི་ཐོག་འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་ཡོངས་ལ་དམངས་འཚོའི་རྣམ་གྲངས་བཅུ་གཉིས་ཧུར་ཐག་སྒྲུབ་ནས་དམངས་འཚོའི་མ་འཇོག་གིས་གྲོང་ཁྱེར་དེ་ཡོངས་ཀྱི་གཏོང་སྒོའི་བསྡོམས་འབོར་གྱི་40%ཡན་ཟིན་རྒྱུའི་བརྩོན་ལེན་ཐུབ་པའི་ཁས་ལེན་བྱས་པ་རེད།

        དམངས་འཚོའི་རྣམ་གྲངས་བཅུ་གཉིས་ནི། གཅིག རང་བྱུང་གྲོང་ཚོའི་གཞུང་ལམ་ཤར་གཏོང་ལས་གྲྭ་ལག་བསྟར་བྱེད་འགོ་འཛུགས་པ་དང་། གཉིས། ཞིང་ཕྱུགས་ཐོན་ཟོག་སྡེབ་ཚོང་ཁྲོམ་ར་དང་། བསྐྱར་སྐྱེས་ཐོན་ཁུངས་བསྡུ་འགྲེམས་ཁྲོམ་ར། ཤིང་ཆ་ཉོ་ཚོང་ཁྲོམ་ར། གྲོང་ཁྱེར་ཤར་འདབས་ཞིང་ཞོར་ཐོན་ཟོག་ཁྲོམ་ར་བཅས་འཛུགས་སྐྲུན་འཆར་འགོད་བྱེད་པ། གསུམ། ཉི་འོད་དྲོད་ཁང་སྟར་པ་3000བསྐྲུན་པ། བཞི། སློབ་གྲྭ་ཆེ་མོ་བའི་རང་བདག་ལས་གཏོད་རོགས་སྐྱོར་སྲིད་ཇུས་བཟོ་བ། ལྔ། འདམ་གཞུང་དང་། ཆུ་ཤུར། མལ་གྲོ་གུང་དཀར་བཅས་རྫོང་3དུ་ཐོལ་བྱུང་དོན་རྐྱེན་དང་དེ་བཞིན་འགྲིམ་འགྲུལ་ལས་འཛོལ་གྱི་སྨན་བཅོས་སྐྱོབ་རོགས་ལྟེ་གནས་བསྐྲུན་པ། དྲུག ས་ཞིང་ཤོར་བའི་ཞིང་པའི་ཐེམ་ཐོ་སྒྱུར་རྒྱུ་ཐག་གཅོད་བྱས་ཏེ་རྩལ་ནུས་གསོ་སྦྱོང་བྱས་ཐོག་ས་ཞིང་ཤོར་བའི་ཞིང་པ་3000ལ་ལས་ཞུགས་བྱེད་རོགས་བྱེད་པ། བདུན། འབྲིང་རིམ་ཆེད་ལས་དང་ལས་རིགས་སློབ་གསོའི་སློབ་མར་སློབ་ལོ་གསུམ་པའི་འཚོ་བའི་འགྲོ་གྲོན་རོགས་སྐྱོར་བྱེད་པ། བརྒྱད། རྫོང (ཆུས )གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྐྱེལ་བསུའི་འཁོར་རིགས་ཐག་གཅོད་བྱེད་པ། དགུ། སྲིད་འཛིན་གྲོང་ཚོ་20ལ་སློབ་ཞུགས་གོང་གི་འཛིན་གྲྭ་འཛུགས་པ། བཅུ། གྲོང་ཁྱེར་དེ་ཡོངས་ཀྱི་ལས་ཚབ་དགེ་རྒན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུ་བའི་ཐོབ་ཐང་མཐོ་རུ་བཏང་ནས་ཟླ་རེའི་གླ་ཆ་སྒོར་950ལོན་པ་བྱེད་པ། བཅུ་གཅིག ལོ་45ཡན་སོན་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིར་སྨན་རིན་མི་དགོས་པའི་སྒོ་ནས་གཟུགས་པོ་བརྟག་དཔྱད་བྱེད་པ་དང་སྦྲགས་བདེ་ཐང་ཡིག་ཚགས་བཟོ་བ། བཅུ་གཉིས། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་ཡུལ་32དང་སྡེ་ཁུལ་གྱི་ལན་ཆིའུ་སྤོ་ལོ་ཐང་5བསྐྲུན་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།