དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱི་ཞིང་འབྲོག་པ་ཁྲི་ཚོ་བརྒྱར་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ལས་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2015-05-15

        ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་4ཚེས་16ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་འབྲོམ་སྟོད་ཤང་གི་བགྲེས་སོང་ཚེ་རིང་རྡོ་རྗེ་བོད་ལྗོངས་སྨན་རྩིས་ཁང་དུ་སྐྱ་འགྲིབ་ཀྱི་གཤག་བཅོས་བྱས་པར་སྤྱད་པའི་འགྲོ་གྲོན་སྒོར་348སྨན་ཁང་ནས་ཐོན་རྗེས་རྩིས་ཞུ་ཐུབ་པ་མ་ཟད་མིག་ནང་དུ་བཅུག་པའི་ཤེལ་གཟུགས་ཀྱང་སྨན་ཁང་གིས་རིན་མི་དགོས་པར་མཁོ་འདོན་བྱས་ཤིང་། ཚེ་རིང་རྡོ་རྗེས “སྒོར་10ལས་སྤྲད་མ་དགོས་པར་མིག་ཡང་བསྐྱར་མཐོང་ཐུབ་པ་བྱུང་བ་བསམ་ཡུལ་ལས་འདས ”ཞེས་དགའ་སྤྲོའི་ངང་བཤད་པ་རེད།

        བོད་དུ་ས་བབ་མཐོ་བ་དང་སྨུག་ཕྱིའི་འོད་ཟེར་ཕོག་ཚད་ཆེ་བ་སོགས་ཀྱི་ཁོར་ཡུག་གིས་རྐྱེན་པས་གྲིབ་ཕོག་མཁན་ཅུང་མང་པོ་ཡོད་ཅིང་། ཞིང་འབྲོག་པའི་སྐྱ་འགྲིབ་བསྐྱར་མཐོང་གི་གཤག་བཅོས་བྱ་རྒྱུ་དེ་ཞིང་འབྲོག་ཁུལ་སྨན་བཅོས་ལམ་ལུགས་ཀྱི་ནད་ཆེན་སྨན་ཡོན་གཅིག་གྱུར་གྲབས་གསོག་གི་རྩིས་ཞུའི་ཁ་གསབ་ཁྱབ་ཁོངས་ནང་བཅུག་པ་ལས་སྐྱ་འགྲིབ་ཕོག་མཁན་དབུལ་པོ་དེ་བས་མང་པོ་ཞིག་ལ་དུས་ཐོག་ཏུ་སྨན་བཅོས་བྱ་ཐུབ་རྒྱུ་རེད།

        2003ལོའི་ཟླ་7པར་བོད་རང་སྐྱོང་ལྗོངས་ཀྱིས་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུ་དེ་རྨང་གཞི་བྱས་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་སྒོ་ཀུན་ནས་ཁྱབ་གདལ་བཏང་བས་བོད་ཀྱི་ཞིང་འབྲོག་པ་ཁྲི་ཚོ་བརྒྱའི་སྨན་བཅོས་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། “ལོ་ལྔ་ཚན་བཅུ་གཅིག་པའི ”དུས་མཇུག་བར་བོད་ཀྱི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་གསབ་དངུལ་གྱི་ཚད་གཞི་དེ “ལོ་ལྔ་ཚན་བཅུ་པའི ”དུས་མཇུག་གི་ལོ་རེར་མི་རེར་སྒོར་80ནས་ལོ་རེར་མི་རེར་སྒོར་180བར་འཕར་ཡོད་པ་དང་ཞིང་འབྲོག་པ་ཚང་མར་རིན་མི་དགོས་པར་སྨན་བཅོས་བྱ་རྒྱུ་ལོངས་སྤྱོད་ཐུབ་ཡོད། 2010ལོར་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་ཀྱི་གཅིག་འདོམས་ཐེབས་རྩའི་གཏོང་སྤྲོད་བཅད་གྲངས་མཐོ་ཤོས་དེ་ཞིང་འབྲོག་པའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་ཀྱི་ལྡབ་6ཡན་དུ་མཐོ་རུ་ཕྱིན་པ་དང་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གི་གཞི་གྲངས་ལས་མངོན་གསལ། “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་རྒྱལ་ཁབ་དང་བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པའི་རིན་མི་དགོས་པའི་སྨན་བཅོས་ཐད་སྤྱད་པའི་གྲོན་དངུལ་དེ་སྒོར་དུང་ཕྱུར་17ལྷག་ཙམ་ལོན་ཡོད་པ་རེད།

        གཞན་ཡང “ལོ་ལྔ་ཚན་བཅུ་གཅིག་པ ”ཚུན་དུ་རྒྱལ་ཁབ་ཀྱིས་བོད་ཀྱི་ཞིང་འབྲོག་ཁུལ་གྱི་འཕྲོད་བསྟེན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་12ལྷག་ཙམ་བཀོད་སྒྲིག་བྱས་ནས་རྫོང་72ཀྱི་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་ཤང (གྲོང་རྡལ )683གྱི་འཕྲོད་བསྟེན་ཁང་གི་ལས་སྒོའི་ཁང་པ་སྔ་རྗེས་སུ་རྒྱས་སྐྲུན་ནམ་ཡང་ན་གསར་སྐྲུན་བྱས་པ་དང་ད་དུང་རྫོང་སྨན་རྩིས་ཁང་20གསར་བསྐྲུན་ནམ་ཡང་ན་རྒྱས་བསྐྲུན་བྱས་ཡོད། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་ཆེད་དོན་མ་དངུལ་བཏོན་ནས་རྫོང་74ལ་ཞིང་འབྲོག་ཁུལ་གྱི་སྐོར་སྐྱོད་སྨན་བཅོས་རླངས་འཁོར་བཀོད་སྒྲིག་བྱས་པ་དང་། ཤང (གྲོང་རྡལ )འཕྲོད་བསྟེན་ཁང་602ལ་འགུལ་སྐྱོད་ཞབས་ཞུའི་རླངས་འཁོར་བཀོད་སྒྲིག་བྱས་པ། རྫོང་དང་ཤང (གྲོང་རྡལ )གི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར Xའོད་ཀྱི་གློག་པར་འཕྲུལ་ཆས་དང་། དཔྱད་གྲངས་མང་བའི་ལྟ་སྲུང་ཡོ་བྱད། ཕྲ་མཐོང་ཆེ་ཤེལ། སྙིང་པར་འཕྲུལ་ཆས། སྦྲིད་བྱེད་འཕྲུལ་ཆས་སོགས་རྨང་གཞིའི་སྨན་བཅོས་སྒྲིག་བཀོད་བཀོད་སྒྲིག་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།