དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་སའི་འགྲུལ་བཞུད་རླངས་འཁོར་དང་འགྲུལ་པ་ཚོ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བསོད་ནམས།   |     སྤེལ་དུས།  2015-05-15

        སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་ད་བར་ལོ་ངོ་སུམ་ཅུ་སོང་རིང་བོད་དུ་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་སྟེ་གྲོང་ཁྱེར་ནས་ས་ཁུལ་དབར་དང་། ས་ཁུལ་ནས་རྫོང་དང་ཤང་གྲོང་ཁག་གི་དབར་གཞུང་ལམ་བཟོ་སྐྲུན་ཤུགས་ཆེན་བྱས་ཏེ་གཞུང་ལམ་གྱི་ཁྱབ་ཚད་རྒྱ་ཆེར་སོང་བ་དང་སྤུས་ཚད་ཀྱང་ཇེ་ལེགས་སུ་བཏང་བ་དེས་དངོས་འབྲེལ་“ཕྱུག་པོ་ཆགས་པར་ཐོག་མར་འགྲོ་ལམ་བསྐྲུན་དགོས ”ཞེས་པའི་འབོད་སྒྲ་དེ་སྟོང་གཏམ་དུ་མ་འགྱུར་བར་མངོན་འགྱུར་བྱུང་ཡོད་ཅིང་། གང་དུ་ཡང་འགྲོ་སྐྱོད་བདེ་བ་དེས་ཕྱུག་པོ་ཆགས་པའི་བོད་མི་དམངས་ཀྱིས་རང་སྒེར་གྱི་རླངས་འཁོར་ཆེ་འབྲིང་ཆུང་གསུམ་དངོས་ཟོག་སྐྱེལ་འདྲེན་དང་། ཨར་ལས་འཛུགས་སྐྲུན། འགྲུལ་པ་སྐྱེལ་བསུ་སོགས་ཀྱི་ལས་རིགས་ནང་ཞུགས་འདོད་པར་བསམ་ཐོག་ཏུ་རྟ་རྒྱུག་ཐུབ་པ་བྱུང་བ་དང་ལྷག་པར་དུ་གྲོང་ཁྱེར་ལྷ་སར་མཚོན་ན་འགྲུལ་པ་སྐྱེལ་བསུའི་འགྲིམ་འགྲུལ་ལས་རིགས་དེ་འཁྲུག་ཆ་དོད་པའི་ལས་རིགས་ཀྱི་འགྲན་རྩོད་ཅིག་ཏུ་གྱུར་ཡོད་ཅིང་། འགྲུལ་སྐྱེལ་རླངས་འཁོར་གྱི་འགྲན་རྩོད་ལ་བལྟས་པས་ང་ཚོར་དགའ་སྣང་དང་། དགོད་བྲོ། ཡ་མཚན། ཁོང་ཁྲོ་སོགས་འཆར་སྣང་དུ་མ་ཞིག་ཡོང་གི་ཡོད།

        ཁ་ལོ་བས་འགྲུལ་པ་བསུ་བའི་རྣམ་པ།

        ལོ་རབས་བདུན་ཅུ་པའི་ནང་བདག་ལྷ་སར་ཐེངས་གཅིག་ཡོང་སྐབས་སྤྱི་ལེ་150ཙམ་ལས་མེད་པའི་སྐྱེ་ཡུལ་གྲོང་གསེབ་ནས་ལྷ་སའི་དབར་འགྲུལ་སྐྱེལ་རླངས་འཁོར་གྱི་མིང་ཙམ་མེད་སྟབས་དངོས་ཟོག་དབོར་འདྲེན་མཁན་གྱི་རླངས་འཁོར་ནང་མི་སྡོད་ཀ་མེད་ལ་དེ་ཡང་རག་ཧ་ཅང་ཁག་པོ་ཡོད་པའི་གནས་ཚུལ་དེ་ད་ལྟ་ཡང་དྲན་ཡུལ་དུ་གསལ་ལེར་འཆར་ནས་བརྗེད་དཀའ་བར་གྱུར་འདུག

        སྐབས་དེ་དུས་ང་ཚོས་ལམ་ཟུར་དུ་སྒུག་ནས་ཡོངས་ཁྱབ་ལྟར་དང་ཐོག་བྱ་དེ་གསོན་པོ་ཞིག་འཕྱར་ནས་མདུན་ཕྱོགས་ནས་རྒྱུག་ཡོང་བའི་བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་ཞིག་ཁ་བཀག་ནས་ལྷ་ས་བར་འཇུག་རོགས་ཞེས་པའི་རེ་བ་བཏོན་མོད། འོན་ཏེ་རླངས་འཁོར་འཁྲིས་སུ་སླེབས་སྐབས་ཁ་ལོ་དེ་བོད་རིགས་ཡིན་འདུག་པས་བྱ་དེར་མིག་ལྟ་ཙམ་ཡང་མི་བྱེད་པར་ཤར་རེར་སོང་བས་རེ་བ་སྟོང་ཟད་དུ་གྱུར། བདག་གི་ཨ་ཞང་གིས “ད་བྱས་མི་འདུག ལུག་ཤ་ལིང་གཅིག་བླངས་ན་མ་གཏོགས་ཡོང་བ་མི་འདུག ”ཅེས་བཤད་དེ་ཁྱིམ་ནས་ལུག་ཤ་བླངས་རྗེས་སླར་ཡང་མུ་མཐུད་སྒུག་ནས་ང་ཚོས་མདུན་ནས་རྒྱུག་ཡོང་བཞིན་པའི་རླངས་འཁོར་གྱི་ཁ་ལོ་བར་ལུག་ཤ་གནམ་ལ་འཕྱར་ཞིང་། “རྒན་ལགས། ལྷ་ས་བར་འཇུག་རོགས་གནང ”ཞེས་སྐད་འབོད་བྱས་ནའང་རླངས་འཁོར་དེའི་ཁ་ལོ་བ་ནི་རྒྱ་རིགས་ཡིན་འདུག་པས་གད་མོ་འཚེར་ཙམ་བྱེད་པ་ལས་རླངས་འཁོར་ཁ་འགོག་རྩིས་ཙམ་མི་འདུག

        དེ་ཉིན་སྔ་དྲོ་ཆུ་ཚོད་བཅུ་གཉིས་ཙམ་བར་སྒུག་རྗེས་སླར་ཡང་ཡོང་རྒྱུར་སྒུག་པའི་རླངས་འཁོར་གཅིག་ཀྱང་མེད་པས་འུ་ཐུག་པའི་ཅ་ཅོས་བརྒྱངས་ཤིང་། ཁྱིམ་དུ་མི་ལོག་ཀ་མེད་དུ་གྱུར། ཉིན་གཉིས་སོང་རྗེས་ལྷ་ས་ནས་དོས་སྐྱེལ་རླངས་འཁོར་གསུམ་རང་རྫོང་དུ་སླེབས་པ་ཤེས་འཕྲལ་ཨ་ཞང་གིས “ང་ཚོས་ལམ་ཁར་སྒུག་རྒྱུ་དེ་ལྐུགས་རྟགས་ཀྱི་ལས་ཀ་རེད། དོ་ནུབ་རྫོང་དུ་རླངས་འཁོར་རྩད་གཅོད་དུ་སོང་ནས་ལག་རྟགས་སྔོན་ལ་སྤྲད་དེ་སང་ཉིན་སྒུག་རྒྱུ་བྱས་ན་དགའ་གི་རེད ”ཅེས་ཟེར། ཨ་ཞང་དང་མཉམ་དུ་རྫོང་དུ་ཁ་ལོ་བ་འཚོལ་དུ་སྐྱོད་སྐབས་རྫོང་ཉོ་ཚོང་ཀུང་སིའི་སྒོ་རའི་ནང་རླངས་འཁོར་གསུམ་གྲལ་དུ་བཞག་འདུག་ཅིང་། རྩད་གཅོད་བྱས་པ་ལྟར་ཁ་ལོ་བ་སྡོད་སར་སོང་བས་དེ་གར་ང་ཚོ་དང་འདྲ་བར་རླངས་འཁོར་ནང་འཇུག་རོགས་ཟེར་མཁན་ཞིང་པ་བཅུ་གྲངས་ཤིག་འདུག་པ་དང་། ཁོང་ཚོས་ཁ་ལོ་བར་གསོལ་རུམ་ལིང་དང་བཅས་པ་ཕུལ་བས་མ་ཚད། མཆོད་ཆང་བཏེགས་བཞིན་འདུག ང་དང་ཨ་ཞང་དེ་གར་སླེབས་པ་ཁ་ལོ་བ་ཞིག་གིས་མཐོང་འཕྲལ “ཁྱོད་གཉིས་ཀྱང་ལྷ་སར་འགྲོ་མཁན་ཡིན་ནམ ”ཞེས་ཟེར། ཨ་ཞང་གིས། “ལགས་ལགས། ལགས་ཡིན ”ཞེས་མགོ་ཞྭ་ཡང་མ་ཕུད་ཙམ་གྱིས་གུས་གུས་ཞུམ་ཞུམ་བྱེད་ཀྱིན་འབོག་ནང་འགྲིལ་བའི་ལུག་ཤ་ལིང་གཅིག་བཏོན་པ་དང་། འགྱིག་ཕྲུག་ནས་མཆོད་ཆང་བཏེགས་པས་ཁ་ལོ་བས་སང་ཉིན་ཉི་ཤར་ཙམ་ལ་ལམ་དུ་སྒུག་ཅེས་ཁས་བླངས། དངོས་གནས་སྐབས་དེ་དུས་རླངས་འཁོར་ནང་དོ་པོ་དང་མཉམ་དུ་སྡོད་རྒྱུ་ཡང་ཧ་ཅང་དཀའ་བས་ཡོངས་གྲགས་སུ་ལྷ་སའི་བུ་མོས “སི་ཅིའི་ཡིན་ན་སྦར་ཚགས་ཡིན་ཡང་འགྲིག་གཱ ”ཞེས་པ་དེ་ཡང་ཁག་མི་འདུག ཟ་རྒྱུ་འཐུང་རྒྱུ་ལེན་རྒྱུ་གང་ཡང་ཡོད་པའི་གཏན་གྲོགས་ཁ་ལོ་བ་ཞིག་བྱུང་ན་དེ་འདྲ་མི་ཤོད་ཀ་མེད་རེད། གནས་ཚུལ་དེ་རྣམས་ནི་འགྲུལ་པས་ཁ་ལོ་བ་འཚོལ་ཞིང་། བླ་ཆེན་མཇལ་ཁ་ཞུ་བ་ལྟར་བྱེད་དགོས་པའི་འདས་དོན་གྱི་དྲན་གསོ་དུམ་བུ་ཞིག་རེད།

        སྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་འགྲིམ་འགྲུལ་བྱ་གཞག་ལ་བསམ་ཡུལ་ལས་འདས་པའི་འཕོ་འགྱུར་ཆེན་པོ་བྱུང་བས་གོང་གི་གནས་ཚུལ་དེ་རྦད་དེ་གབ་ཕྱི་ལོགས་པར་གྱུར། དེང་དུས་ང་ཚོས་ལྷ་སའི་ཤར་ནུབ་བྱང་གསུམ་གྱི་འགྲུལ་སྐྱེལ་ས་ཚིགས་སུ་ཞོགས་པ་འགྲུལ་པ་སྐྱེལ་བར་འགྲོ་སྐབས་ཕྲག་པར་ལྟོ་ཕད་འཁྱེར་བའི་མི་ཞིག་མཐོང་མ་ཐག་ཁ་ལོ་བས “ཞུམ་བུས་ཙི་ཙི་མཐོང་བ ”ལྟར་རྒྱུག་ཡོང་སྟེ་ག་འགྲོ་མ་ཤེས་ཀྱང་ངའི་རླངས་འཁོར་ནང་ཕེབས་ཤོག ད་ལྟ་ལམ་སེང་འགྲོ་གི་ཡིན་ཞེས་ལམ་རྒྱགས་ཀྱང་འཕྲོག་ཤར་བཏང་སྟེ་འགྲུལ་པ་བསུ་བ་མཐོང་། སེམས་རྩ་འཁོལ་ལ་ཟང་ཟིང་ཡང་ཡིན་པའི་ཞབས་ཞུ་དེའི་ཁྲོད་དུ་དངོས་པོ་ཡང་བོར་བརླག་མི་འགྲོ་བའི་ངེས་པ་མི་འདུག ཐེངས་ཤིག་ང་རང་ཉིང་ཁྲིར་འགྲོ་སྐབས་ཤར་ཕྱོགས་འགྲུལ་སྐྱེལ་ས་ཚིགས་ཀྱི་སྒོ་རའི་ནང་འཛུལ་མ་ཐག་ཁ་ལོ་བ་གཉིས་དུས་གཅིག་ཏུ་རྒྱུག་ཡོང་ནས་ལག་གི་ལྟོ་ཕད་གཉིས་མི་རེས་རེ་རེ་འཁྱེར་སོང་། དང་ཐོག་ཁོ་བོའི་སེམས་ལ་ཁོང་གཉིས་རླངས་འཁོར་གཅིག་གི་བདག་པོ་རེད་སྙམ་ནས་དོ་སྣང་མ་བྱུང་བར་ཁ་ལོ་བ་གཅིག་གིས་རྗེས་སུ་སོང་སྟེ་རླངས་འཁོར་ནང་འཛུལ་རྗེས་ལྟོ་ཕད་གཞན་དེ་འཁྱེར་ཡོང་མཁན་མཐོང་རྒྱུ་མི་འདུག དངངས་འཚབ་ལངས་ཏེ་རང་ཉིད་སྡོད་སའི་ཁ་ལོ་བ་དེར་ལྟོ་ཕད་གཞན་དེ་ག་པར་ཡོད་མེད་འདྲི་སྐབས་ཁོ་པས “ཅོག་རང་གིས་སུ་ལ་སྤྲད་པ་ཡིན་ནམ ”ཞེས་ཟེར་གྱི་འདུག ངས “ཁྱེད་རང་གིས་མཐོང་བྱུང་ངམ། ཁྱེད་དང་མཉམ་དུ་ཡོང་མཁན་མི་དེར་སྤྲད་ཡོད ”ཅེས་ཟེར་བས་ཁོས་གད་མོ་དགོད་བཞིན “བརླག་གི་མ་རེད། ང་ཚོས་འགྲུལ་པར་ཧབ་ཐོབ་བརྒྱབ་པ་མ་གཏོགས་རྐུ་མ་རང་བརྐུ་གི་མ་རེད། ……”སྐབས་དེར་མདུན་ནས་ཁ་ལོ་བ་གཞན་ཞིག་གིས་ངའི་ལྟོ་ཕད་གཞན་དེ་ཚུར་བསྐྱལ་བ་དང་སྦྲགས་ང་སྡོད་སའི་ཁ་ལོ་བ་དེར “ཁོ་རེ། དེ་རིང་མ་ཡིན་རྒུ་ཡིན་གྱིས་ཨ། དངོས་གནས་བྱས་ན་ཅོག་འདི་ངའི་འགྲུལ་པ་ཡིན་དཱ ”ཞེས་བཤད་སོང་།

        ཁ་ལོ་བས་འགྲུལ་པར་ཧབ་ཐོབ་རྒྱག་པ་དེ་སྔོན་ཆད་འགྲུལ་པས་ཁ་ལོ་བར་མགོ་སྒུར་ལྕེ་བསྣར་བྱེད་པ་ལས་རྦད་དེ་ལྡོག་པ་ཞིག་ཡིན་ལ་འགྲུལ་པས་ཁ་ལོ་བར་རླུང་འཚུབ་འཚུབ་དང་། ཁ་ལོ་བས་གདན་འདྲེན་ཞུས་ཀྱང་གོམ་པ་སྤོ་ལ་མི་སྤོའི་ངང་རླངས་འཁོར་ནང་འཛུལ་བ་དེ་ཡང་རླངས་འཁོར་ཧ་ཅང་འབེལ་པོ་ཡིན་པས་སོ། ང་རང་རླངས་འཁོར་དེའི་ནང་སྡོད་རྒྱུ་གཏན་འཁེལ་རྗེས་ཡུད་ཙམ་ཕྱིར་དོན་ནས་ལྟ་སྐབས་ཁ་ལོ་བས་འགྲུལ་པའི་ལག་ནས་བཟུང་སྟེ་ཁྲིད་ཡོང་བ་གང་ས་ནས་མཐོང་རྒྱུ་འདུག ང་རང་སྡོད་སའི་རླངས་འཁོར་ཁ་ལོ་བ་དེར་ཉིང་ཁྲི་ནས་ཡིན་པའི་བུད་མེད་འགྲུལ་པ་ཅིག་ཐོབ་སྟེ་རླངས་འཁོར་ནང་འཛུལ་རྗེས་བུད་མེད་དེས “འ་ལད། རླངས་འཁོར་འདིའི་རྐུབ་བཀྱག་དེ་འདྲའི་བཙོག་པ་ལ་ཨང ”ཞེས་རྐུབ་འཛུགས་ཙམ་བྱས་མ་ཐག་ཡར་ལངས་ཏེ་རང་གི་གོས་ཐུང་ལ་ནག་ནོག་འགོས་མི་འདུག་གམ་བལྟ་ཙམ་བྱས་རྗེས་ཁ་ལོ་བས་ཞུ་བ་འཐེན་ཡང་རླངས་འཁོར་གཞན་གྱི་ནང་འགྲོ་གི་ཡིན་ཞེས་དེ་ག་ནས་ཐོན་ཏེ་སོང་།

        ལྷ་སའི་སྤྱི་སྤྱོད་རླངས་འཁོར་དང་འགྲུལ་བཞུད་པ།

        ལོ་ཤས་ནང་ལྷ་སའི་ཁྲོམ་གཞུང་གཙོ་བོར་སྤྱི་སྤྱོད་རླངས་འཁོར་བཀོད་སྒྲིག་བྱས་ཡོད་པ་དེས་མི་རྣམས་ཀྱི་འགྲུལ་བཞུད་ལ་ཧ་ཅང་སྟབས་བདེ་བྱུང་ཡོད། ཡིན་ནའང་ལམ་ཐིག་འགའ་རེར་མི་མང་བ་དང་རླངས་འཁོར་གཏོང་ཐེངས་ཉུང་བའི་འགལ་ཟླ་བྱུང་སྟེ་སྤྱི་སྤྱོད་རླངས་འཁོར་ནང་འགྲོ་བཟོད་མི་བདེ་བའི་སྣང་ཚུལ་ཞིག་ཀྱང་མཐོང་ཆོས་སུ་གྱུར་ཡོད།

        དེ་སྔོན་ལྷ་སའི་ལྷོ་ནུབ་ངོས་ནས་ཤར་བྱང་དུ་གཏོང་བའི་སྤྱི་སྤྱོད་རླངས་འཁོར་ཨང་111ནི་རྟག་ཏུ་འཚང་ཁ་ཆེ་བའི་སྤྱི་སྤྱོད་རླངས་འཁོར་གཅིག་པུ་དེ་རེད། རླངས་འཁོར་དེར་དེ་སྔ་ནང་ལོགས་སུ་གཏན་འབེབས་ལྟར་བཟོས་པའི་གཞོགས་གཅིག་ཏུ་རྐུབ་སྟེགས་གཉིས་གཤིབ་ཡོད་རུང་དེ་ཡང་གཡས་གཡོན་དུ་རྐུབ་སྟེགས་སྟར་པ་རེ་མ་གཏོགས་སྟར་པ་གཅིག་བཀོག་ནས་མེད་པ་བཟོས་ཡོད་ཅིང་། དེའི་རྒྱུ་མཚན་ནི་སྤྱི་སྤྱོད་རླངས་འཁོར་དེས་འགྲུལ་པ་ལྕམ་ཤིང་བསླངས་ཏེ་བླུགས་པ་ལྟར་མང་ཙམ་འཁྱེར་རྒྱུའི་དོན་དུ་ཡིན་པས་རེད། རྒན་རྒོན་མང་པོ་ཞིག་ལ་རྐུབ་སྟེགས་ཐོབ་ཀྱི་མེད་སྟབས་རླངས་འཁོར་ནང་དུ་འཛུལ་རྗེས་སྡུག་སྐད་ཤོར་གྱི་ཡོད་ལ་ཕྲུ་གུ་ཆུང་ཆུང་ཁག་གཅིག་ངུ་ཤོར་གྱི་ཡོད་པ་རེད།

        འཚང་ཁ་ཆེ་བའི་གོ་སྐབས་དེ་ལ་བསྟུན་ནས་རྐུན་ཆུང་བས་རྟག་པར་དངུལ་ཁུག་འདོན་པ་དང་། ལག་ཐོགས་ཁ་པར་འཁྱེར་བ་སོགས་ཀྱི་གནས་ཚུལ་ཡང་རྟག་ཏུ་མཐོང་རྒྱུ་ཡོད། ཐེངས་ཤིག་ང་རང་ལྷ་སའི་ནུབ་ངོས་སུ་སོང་ནས་ཕྱི་དྲོ་ལོག་ཡོང་སྐབས་ཕ་ཡུལ་གཅིག་པ་ཞིག་ལམ་དུ་འཕྲད་ཅིང་། ཁོང་གིས “ཁྱེད་རང་ག་ནས་ལོག་རྩིས་ཡོད་དམ ”ཞེས་ཟེར། “ང་སྤྱི་སྤྱོད་རླངས་འཁོར་ལ་འགྲོ་གི་ཡིན ”ཞེས་ལན་སློག་པས་ཁོང་གིས་རྩེད་འཇོ་དང་སྦྲགས “ཧིན། སྤྱི་སྤྱོད་རླངས་འཁོར་ལ་སོང་ན་ལག་ཐོགས་ཁ་པར་བརླག་གི་རེད ”ཅེས་ཟེར། ཁོང་གི་དྲན་སྐུལ་དེས་ལག་ཐོགས་ཁ་པར་བརྟན་པོ་བྱས་ནས་ཉར་རུང “རྣམ་རྟོག་དོགས་པའི་རྗེས་འབྲངས ”ཟེར་བ་ལྟར་རེད། བབས་ཚུགས་སུ་སླེབས་ནས་གུ་ཐུང་རྒྱབ་ངོས་ཨམ་ཆུང་གི་ནང་ལག་པ་བརྒྱུས་སྐབས་སྒོར་བརྒྱ་དང་དྲུག་ཅུ་ཙམ་ཞིག་ཡོད་པ་ཚང་མ་གཙང་མར་བཏོན་ཚར་འདུག་པ་མ་ཟད། ཨམ་ཆུང་གི་ཐབ་ཆི་ཡང་མཚོན་ཆ་བཞེས་ནས་བཀྲོངས་ཚར་འདུག

        སེ་ར་བྱང་ལམ་དུ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་འཚང་ཁ་ཆེ་བ་དང་ལམ་དེར་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་འགྲན་རྩོད་བྱེད་པར་བཏང་སྟེ་སྤྱི་དམངས་ཀྱི་འགྲུལ་བཞུད་སྟབས་བདེར་འགྱུར་བ་བྱ་རྒྱུའི་སྐོར་དམངས་ཀྱི་འབོད་སྒྲ་ཡིན་པ་བློ་མཐུན་མང་པོ་ཞིག་གིས་ཐབས་ལམ་གང་རུང་གི་ཐད་ནས་ལམ་དེར་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས་བཀོད་སྒྲིག་བྱ་རྒྱུའི་རེ་བ་བཏོན་ཡོད་ལ་རང་ཉིད་ནས་ཀྱང་ཞུ་འབོད་ཀྱི་སྐད་ཆ་སུག་འབྲི་བྱས་ནས་འབྲེལ་ཡོད་ཕྱོགས་ལ་འབུལ་མྱོང་མོད། འོན་ཏེ “སྦལ་པས་ཁྲོན་པའི་ནང་ནས་སྐད་བརྒྱབ་ཀྱང་ལྷའི་དབང་པོ་བརྒྱ་བྱིན་གྱིས་མི་ཐོས ”ཞེས་པ་ལྟར་ཁ་ཡ་བྱེད་མཁན་མ་བྱུང་སྟབས་ད་ལྟ་ཡང་ལམ་དེའི་སྤྱི་སྤྱོད་རླངས་འཁོར་ནང་འགྲོ་བར་སྔ་པོ་ནས་ཐོན་ན་མ་གཏོགས་དུས་ཐོག་ཏུ་ལས་གནས་སམ་ཡང་ན་རང་གི་དམིགས་སར་འབྱོར་དཀའ་བ་རང་གནས་ཙམ་ཡིན། ཏོག་ཙམ་དྲག་ཏུ་སོང་བ་ཞིག་ནི་ལམ་དེའི་སྤྱི་སྤྱོད་རླངས་འཁོར་ནང་དེང་སང་རྐུན་ཆུང་ཉུང་དུ་སོང་ཡོད་པ་རེད། དེ་ག་འདྲ་བྱས་ནས་ཉུང་དུ་སོང་བ་རེད་དམ་ཟེར་ན། དེ་ཡང་སྤྱི་བདེ་ཉེན་རྟོག་པས “ར་བསད་ནས་ལུག་འདར་དུ་བཅུག ”ཅེས་པ་ལྟར་གྱི་ནུས་པ་ཐོན་པ་མ་ཡིན་ཏེ། སྤྱི་སྤྱོད་རླངས་འཁོར་ནང་འགྲོ་མཁན་ཚོས་ཕན་ཚུན་སེམས་འཁུར་གྱིས་རྐུན་པོ་ཡོད་པས་དོགས་ཟོན་བྱོས་ཞེས་དྲན་སྐུལ་བྱས་པ་དང་། དེ་བཞིན་འགྲུལ་བཞུད་པ་ཁག་གཅིག་ལ་ལུས་ཐོག་ཏུ་དངུལ་དང་དངོས་པོ་བོར་བརླག་སོང་བའི་སྣ་བསུན་བྱུང་སྟེ་དོགས་ཟོན་ཆེར་བསྐྱེད་བྱེད་ཀྱི་ཡོད་པས་རྐུན་ཆུང་ཚོ་“མེ་རང་ཤི་དང་དུ་བ་རང་ཡལ ”ཞེས་པ་ལྟར་རྐུ་མ་ཐོབ་ཐབས་བྲལ་ནས་རླངས་འཁོར་ནང་མྱུལ་ཞིབ་ཏུ་ཡོང་གི་མེད་པས་རེད།

        ལྷ་སའི་བདལ་གཏོང་འཇིབ་ཆུང་དང་འགྲུལ་སྐྱེལ་རླངས་འཁོར་འབྲིང་གྲས།

        ལོ་རབས་དྲུག་ཅུ་བདུན་ཅུ་དང་ཐ་ན་བརྒྱད་ཅུའི་དུས་འགོར་ཡང་བོད་དུ་འཇིབ་ཆུང་ནང་མང་ཚོགས་སྡོད་པ་ཧ་ལམ་མཐོང་དཀོན་པོ་ཡིན་ཞིང་། དེ་དུས་མང་ཚོགས་ཀྱི་ཀླད་པའི་ནང་འཇིབ་ཆུང་ནི་འགོ་ཁྲིད་ལས་བྱེད་པའི་ཡིན་ཤག་དང་། ཟོག་སྐྱེལ་རླངས་འཁོར་ནི་མང་ཚོགས་ཀྱི་ཡིན་ཤག་བྱེད་ཀྱི་ཡོད་པ་དོན་དངོས་རེད།

        ཡིན་ནའང་སྒྱུར་བཅོས་སྒོ་དབྱེ་བྱས་ནས་གྲོང་རྡལ་དང་གྲོང་གསེབ་ཀྱི་དཔལ་འབྱོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཤུགས་ཆེན་བྱུང་བས་རླངས་འཁོར་ཆེ་འབྲིང་ཆུང་གསུམ་ཇེ་མང་དུ་སོང་ཡོད་པ་རེད། དེ་ཡང་འབྲེལ་ཡོད་ཕྱོགས་ནས་བསྡོམས་རྩིས་བྱས་པ་ལྟར་ན་2006ལོར་སླེབས་སྐབས་རང་ལྗོངས་ཀྱི་དམངས་སྤྱོད་རླངས་འཁོར་གྱི་གྲངས་འབོར་ཁྲི་14.39ཟིན་ཡོད་ཅིང་། 2005ལོ་ལས་བརྒྱ་ཆ་35.2འཕར་ཡོད་པ་དང་། ལྗོངས་ཡོངས་ཀྱི་མི་གྲངས་ཁྲི་ཚོ་281ལྷག་ཙམ་ལ་ཆ་སྙོམས་བྱེད་སྐབས་མི་20རེ་ལ་རླངས་འཁོར་རེ་ཁེབས་ཀྱི་ཡོད་པ་རེད། མི་སྒེར་མང་པོ་ཞིག་གིས་འཇིབ་ཆུང་བཀོལ་ནས་གྲོང་ཁྱེར་ནང་དང་ད་དུང་ལོ་ཤས་གོང་ནས་རླངས་འཁོར་འབྲིང་གྲས་བཀོལ་ནས་ས་གནས་ཁག་ཏུ་བདལ་གླ་རྒྱུག་གི་ཡོད་པས་མང་ཚོགས་ཚོས་དོན་བྲེལ་ཆེ་ཆུང་ལ་གཞིགས་ནས་རླངས་འཁོར་གདམ་ག་བྱས་ནས་འགྲོ་འོང་བྱེད་ཀྱི་ཡོད་པ་རེད། དེ་སྔའི་བདལ་སྐྱེལ་རླངས་འཁོར་འབྲིང་གྲས་མང་པོ་ཞིག་ནི་ལྷ་སའི་ཉེ་འདབས་ཞིང་པའི་ཡིན་པ་དང་ཁོང་ཚོས་གྲོང་ཁྱེར་ནང་འགྲུལ་པ་སྐྱེལ་རྒྱུ་དེ་ཁྱིམ་ཚང་གི་དངུལ་སྨར་ཡོང་འབབ་འཚོལ་ཐབས་བཟང་པོ་ཞིག་ཏུ་བརྩི་གི་ཡོད་ལ་དོན་དམ་དུའང་རླངས་འཁོར་ཐོག་མར་གཏོང་མཁན་ཞིང་པར་ཡོང་འབབ་ཀྱང་མི་དམན་པ་བྱུང་སྟེ་དེ་ཁོ་ན་ནས་སྡོད་ཁང་ལེགས་བཅོས་དང་། ཁྱིམ་ཆས་གསར་གཤོམ་བྱེད་རྒྱུ། རྒྱན་གོས་ལེགས་སུ་གཏོང་རྒྱུ་སོགས་ཀྱི་ཐད་ལག་དངུལ་འབེལ་པོ་བྱུང་ཡོད་མོད། འོན་ཀྱང་མི་རྟག་པ་བྱ་བ་ཐམས་ཅད་ཀྱི་ཆོས་ཉིད་ལྟར་དེང་སྐབས་འགྲན་རྩོད་རྣོ་ངར་ཆེ་བས་ཁོང་ཚོའི་ཡོང་འབབ་ཀྱང་བལྟོས་བཅས་ཀྱིས་དམའ་རུ་སོང་ཡོད་ལ་ད་ཆ་དེ་དག་དགོས་དབང་གིས་ཕྱིར་བཤོལ་ཟིན། ཡོང་འབབ་ཉུང་དུ་སོང་ཡང་སྤྱིར་ན་ཚང་མས་ཕྱིར་བཤོལ་མ་བྱས་པར་འགྲན་རྩོད་བྱེད་ཀྱི་ཡོད་ལ་འགྲན་རྩོད་དེ་ཡང་འགྲུལ་བཞུད་པའི་རེ་བ་ལྟར་རླངས་འཁོར་ལེགས་སུ་དང་ཞབས་ཞུ་ལེགས་སུ་གཏོང་རྒྱུའི་ཐོག་གཙོ་གནད་འཛིན་གྱི་ཡོད་པ་རེད། དེ་ལྟར་ཡང་ང་ཚོས་མཐོང་བར་འགྲན་རྩོད་ཀྱིས་སྤྱི་ཚོགས་དང་མིའི་བདེ་འཇགས་ལའང་ཉེན་ཁ་ཞིག་འཕྲད་བཞིན་པ་ནི་ཕན་ཚུན་འགྲན་རྩོད་དེ་ཕྲག་དོག་ལ་གྱུར་ནས་འགའ་ཞིག་གིས་ཕན་ཚུན་སྡང་སེམས་ཀྱིས་གཞན་གྱི་ལམ་འགྲོ་མིག་ལ་མི་བཟོད་པ་བྱེད་པ་དང་འགྲན་སེམས་ཇུས་ལ་མ་སོང་བར་འགྲིམ་འགྲུལ་ལས་འཛོལ་ཡོང་ཉེན་ཆེ་བ་དེ་ཡིན་ཏེ། བར་སྐབས་ཤིག་རིང་མི་རྣམས་ཀྱིས་རླངས་འཁོར་འབྲིང་གྲས་མཐོང་སྐབས “གཟབ་གཟབ་བྱོས། སྒོར་གཉིས་ཙོག་སྡོད་ཡོང་གི་འདུག ”ཅེས་ཟེར་མྱོང་ཡོད། “སྒོར་གཉིས་ཙོག་སྡོད ”ཅེས་པ་ནི་སྐབས་དེ་དུས་ལམ་ཟུར་ནས་མི་ཞིག་མཐོང་བ་དང་སྒོར་གཉིས་མིག་ལ་འཆར་ནས་ཙོག་གེར་སྡོད་པར་ཟེར་བ་དང་། དེ་བཞིན་དུ་འཇིབ་ཆུང་ལའང་མི་རྣམས་ཀྱིས “བཅུ་ལོར་སྨྱོན་པ ”ཞེས་ཟེར་གྱི་ཡོད་ཅིང་། དེའི་གོ་དོན་ནི་ལམ་ཟུར་གྱི་མི་ཞིག་མཐོང་ཚེ་སྒོར་བཅུ་འདུག་སྙམ་སྟེ་སྨྱོན་པ་ལྟར་རྒྱུག་འགྲོ་གི་འདུག་ཅེས་ཟུར་ཟ་དང་དགོད་བྲོའི་ངང་ནས་སྨྲ་གི་ཡོད་པ་རེད། སྒེར་གྱི་འཇིབ་ཆུང་ཇེ་མང་དུ་སོང་བའི་ལྷ་སའི་ཁྲོམ་གཞུང་།

        ལྷ་ས་གྲོང་ཁྱེར་གྱི་གྲོང་མི་དང་དེ་བཞིན་རྒྱལ་ཁབ་ཀྱི་ལས་བྱེད་ལས་བཟོ་དང་། ཁེ་ལས་དང་བྱ་གཞག་ཚན་པའི་ལས་བཟོའི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་སོང་སྟེ་ཁྱིམ་ཚང་ལ་འཇིབ་ཆུང་ཞིག་དགོས་ངེས་ཡིན་པར་གཞིགས་ཏེ་ད་ཆ་འཇིབ་ཆུང་ཡོད་པའི་ཁྱིམ་ཚང་ཉིན་རེ་བཞིན་མང་དུ་འགྲོ་གི་ཡོད་པ་དེ་རེད།

        སྔ་དགོང་ལས་ཁུངས་ཚུགས་རྒྱུའི་སྔ་རོལ་དུ་ལྷ་སའི་གཞུང་ལམ་ཕལ་ཆེ་བར་མི་སྒེར་གྱི་འཇིབ་ཆུང་ཁྱུ་བསྒྲིགས་ནས་སྡོད་ཀྱི་ཡོད་པ་དང་། ལམ་བཞི་མདོའམ་གསུམ་མདོ་ཁར་སྐབས་འགར་རླངས་འཁོར་གྱིས་ཁེངས་ནས་ཡུད་ཙམ་ངང་སྒུག་མི་བྱེད་རང་བྱེད་དུ་ལུས་ཀྱི་ཡོད་ཅིང་། མཐོང་འཆར་དེ་ནི་འཛམ་གླིང་ཡང་རྩེའི་གྲོང་ཁྱེར་དུ་འཚོ་གོས་སྡོད་འགྲོ་གང་ཅིར་འཕོ་འགྱུར་ཆེན་པོ་བྱུང་བའི་དཔང་རྟགས་གསོན་པོ་ཞིག་རེད། འོན་ཀྱང་སྒེར་གྱི་ཁ་ལོ་བ་མང་པོ་ཞིག་གི་ལག་རྩལ་བྱོང་པོ་མེད་ཁར་མྱུར་བགྲོད་ཀྱི་བསམ་བློ་མེ་ལྟར་འབར་ཡོད་པས་རྟག་ཏུ་བརྡབས་གཅོག་གི་གནས་ཚུལ་ཐོན་གྱི་ཡོད་པས་ལམ་མདོ་གང་སར་མ་གཞི་གློག་དམར་སེར་ལྗང་གསུམ་གྱི་བཀོད་འདོམས་ཡོད་རུང་འགྲིམ་འགྲུལ་ཉེན་རྟོག་པས་ལྟག་ཁུང་ལ་མིག་ཡོད་པ་ཇི་བཞིན་མགོ་རིལ་པད་རིལ་གྱིས་འཇིབ་ཆུང་དེ་ཚོའི་འགྲོ་སྟངས་ལ་ལྟ་ཞིབ་བྱེད་ཀྱི་ཡོད་པས་དེས་ཁ་ལོ་བ་ཚོར་གཟབ་གཟབ་བྱ་རྒྱུའི་ཐད་དྲན་སྐུལ་ནན་པོ་ཞིག་ཡོང་གི་ཡོད་པས་ང་ཚོས་འགྲིམ་འགྲུལ་ཉེན་རྟོག་པར་ངན་སྨྲས་བྱེད་པའི་སྣང་ཚུལ་མཐའ་དག་འདོར་ཏེ་སྙིང་དབུས་ནས་ཁོང་ཚོས་འགན་ནན་པོ་འཁུར་བར་ཐུགས་རྗེ་ཆེ་ཞེས་ཞུ་དགོས་པ་སྨོས་ཅི་དགོས།

        ད་ཆ་ལྷ་སར་རྒྱལ་ཁབ་དང་། མཉམ་སྡེབ། མི་སྒེར་བཅས་ཕྱོགས་གསུམ་གྱི་རླངས་འཁོར་སྣ་ཚོགས་གྲོག་མའི་ཚང་བརྡོལ་བ་ལྟར་རྒྱུག་ཡོང་དུས་བདེ་འཇགས་ཀྱི་གནད་དོན་ཕུད། ད་དུང་གནད་དོན་གཞན་ཞིག་ཐོན་ཡོང་བཞིན་ཡོད་པ་སྟེ།

        གནམ་སྔོ་ལ་ཆུ་དྭངས་པའི་བོད་ལྗོངས་ས་མཐོའི་ཐུན་མོང་མིན་པའི་ཁོར་ཡུག་འདི་བཞིན་སྦགས་བཙོག་ཏུ་འགྱུར་བའི་གོམ་པ་ཞིག་མ་སྤོས་རང་སྤོའི་ངང་སྤོས་འགྲོ་གི་ཡོད་པ་དེ་ཡིན་པས་སྦགས་བཙོག་འགོག་བཅོས་ཐད་འབྲེལ་ཡོད་ཚན་པས་བྱེད་ཐབས་ཡོད་ན་སྔ་ས་ནས་ལག་བསྟར་བྱ་དགོས་པ་རེད། ཡང་མི་ཁག་གཅིག་གིས་རླངས་འཁོར་ལ་སྡོད་པ་ལས་རྐང་ཐང་མར་འགྲོ་བའམ་ཡང་ན་རྐང་འཁོར་བཞོན་ནས་ཕྱིན་ན་དགའ་གི་རེད་ཅེས་གཟུགས་པོར་སྦྱོང་བརྡར་ཡོང་གི་ཡོད་པ་དང་། ཁོར་ཡུག་སྦགས་བཙོག་མི་ཡོང་བའི་རྒྱུ་མཚན་ཤོད་ཀྱི་ཡོད་པའང་ཚན་རིག་དང་མཐུན་པ་དང་། དོན་ལ་གནས་པའི་སྐད་ཆ་དང་བྱ་སྤྱོད་ཅིག་རེད་ལ་འདི་ནས་རླངས་འཁོར་བསྟེན་རྒྱུར་དར་སོ་བྱེད་པ་དེ་རྐང་ཐང་མར་འགྲོ་བ་དང་ཡང་ན་རྐང་འཁོར་བཞོན་ནས་འགྲུལ་བཞུད་བྱ་རྒྱུར་དགའ་བའམ་དང་དོད་བྱེད་པར་བསྒྱུར་རྒྱུ་ཡང་རིང་མིན་དུ་ང་ཚོའི་མིག་ལམ་དུ་འཆར་རྒྱུ་ཉག་ཅིག་ཡིན་པར་ཡིད་ཆེས་བྱེད་མཁན་ཇེ་མང་དུ་འགྲོ་གི་ཡོད་པ་རེད།

        འདི་ནི་མི་རྣམས་སྤྱི་སྤྱོད་རླངས་འཁོར་ནང་འཛུལ་བཞིན་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།