དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱིས་ཡོང་འབབ་དམའ་བའི་དབུལ་ཕོངས་མི་ཁྲི་50ལ་རོགས་སྐྱོར་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་11ཉིན་གློག་འཕྲིན་འབྱོར་གསལ། 2020ལོར་རྩ་བ་ནས་དབུལ་ཕོངས་ཡིན་པའི་སྣང་ཚུལ་རྩ་བའི་ཆ་ནས་མེད་པ་བཟོ་རྒྱུ་དང་སྤྱི་ཚོགས་རིང་ལུགས་ཀྱི་འབྱོར་འབྲིང་བོད་ལྗོངས་བསྐྲུན་རྒྱུའི་དམིགས་ཚད་མངོན་འགྱུར་བྱེད་ཆེད་སླད་ཕྱིན་ལོ་5ཡི་ནང་བོད་ཀྱིས་ཡོང་འབབ་དམའ་བའི་དབུལ་ཕོངས་མི་གྲངས་ཁྲི་50ལ་དབུལ་སྐྱོར་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ “ལོ་ལྔ་ཚན་བཅུ་གཉིས་པའི ”དུས་མཇུག་ཏུ་དབུལ་ཕོངས་མི་གྲངས་ཀྱིས་གྲོང་གསེབ་ཀྱི་མི་གྲངས་བསྡོམས་འབོར་བཟུང་ཚད་དེ་22%ནས་12%བར་ཉུང་ཏུ་གཏོང་རྒྱུའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།

        བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གཞུང་དོན་ཁང་གི་འགན་འཁུར་བས “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་བོད་ཀྱིས་མི་གྲངས་ཁྲི་50.2དང་དུད་ཚང་ཁྲི་12.2ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་1700མན་གྱི་ཡོང་འབབ་དམའ་བའི་མི་གྲངས་དབུལ་སྐྱོར་བྱེད་ཡུལ་དུ་བརྩི་རྒྱུ་ཡིན་ཞེས་བཤད་པ་རེད།

        དེའི་རིང་བོད་ཀྱིས་གཅིག་སྡུད་ཡུག་འབྲེལ་གྱི་དབུལ་ཕོངས་ཁུལ་གཡུལ་ས་གཙོ་བོར་བཟུང་ནས་དུད་ཚང་དུ་བསྐྱོད་ནས་དབུལ་སྐྱོར་བྱེད་རྒྱུ་དང་གཅིག་སྡུད་ངང་གཏོང་ཆ་གཏོང་རྒྱུ་ལག་བསྟར་བྱས་ཏེ་ཆེད་དམིགས་དབུལ་སྐྱོར་དང་། ལས་རིགས་དབུལ་སྐྱོར། སྤྱི་ཚོགས་དབུལ་སྐྱོར་བཅས་ཀྱི་ནུས་པ་འདོན་སྤེལ་གྱིས་དབུལ་ཕོངས་མི་གྲངས་མངོན་གསལ་དོད་པོས་ཉུང་དུ་གཏོང་བ་དང་ཡོང་འབབ་དམའ་བའི་མིའི་ཆ་སྙོམས་ཡོང་འབབ་ཀྱི་ལོའི་ཆ་སྙོམས་འཕར་ཚད་13%ཡན་ལོན་པ་བྱས་ཏེ་རྩ་བའི་ཆ་ནས་འབབ་འཕར་གྱི་ཕུགས་ཕན་ལམ་སྲོལ་ཆགས་པ་བྱེད་རྒྱུ་ཡིན་པ་རེད།

        བོད་ཀྱིས་ད་དུང་ཤང་200ཡི་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་དབུལ་སྐྱོར་ལས་དོན་སྤེལ་རྒྱུ་ཡིན་ཞིང་། གྲང་ངར་ཆེ་བའི་འབྲོག་ཁུལ་དང་རི་མཐོ་དང་གྲོག་རོང་གི་གཅིག་སྡུད་ཡུག་འབྲེལ་དབུལ་ཕོངས་ཁུལ་དུ་དུད་ཚང་དུ་བསྐྱོད་ནས་དབུལ་སྐྱོར་བྱེད་རྒྱུ་གཙོ་གནད་དུ་བཟུང་སྟེ་གཅིག་སྡུད་དབུལ་ཕོངས་གནད་དོན་ཐག་གཅོད་བྱེད་རྒྱུ་དང་། མཐའ་མཚམས་ས་ཁུལ་དང་། མི་འབོར་ཅུང་ཉུང་བའི་གྲངས་ཉུང་མི་རིགས་ས་ཁུལ། ཡུལ་ནད་ཚབས་ཆེ་བའི་ས་ཁུལ་བཅས་སུ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།

        གཞན་ཡང་བོད་ཀྱིས་འབྲེང་ཟམ་སྒྱུར་བཀོད་ལས་གྲྭ་དང་། བདེ་སྡོད་ལས་གྲྭའི་འཛུགས་སྐྲུན། “ཆར་ཟིལ་འཆར་གཞི ”སོགས་མུ་མཐུད་ལག་བསྟར་བྱེད་རྒྱུ་ཡིན་ཞིང་། མིག་སྔའི་བར་འབྲེང་ཟམ་ཚང་མ་དཔྱང་ཟམ་དུ་བསྒྱུར་རྒྱུའི་རྣམ་གྲངས་ལ་འཛུགས་སྐྲུན་གོ་རིམ་ལྟར་ཞིབ་བཤེར་ཆོག་མཆན་ཐོབ་ནས་འབྲེང་ཟམ་23དཔྱང་ཟམ་དུ་བསྒྱུར་རྒྱུའི་རྣམ་གྲངས་ལེགས་གྲུབ་བྱུང་བའི་ཁར་སྔོན་དཔག་བྱས་ན་འདི་ལོའི་ལོ་མཇུག་ཏུ་ཚང་མ་ལེགས་གྲུབ་ཟིན་རྒྱུ་ཡིན་པ་རེད།

        “ལོ་ལྔ་ཚན་བཅུ་གཅིག་པའི ”རིང་བོད་རང་སྐྱོང་ལྗོངས་ཀྱིས་རིམ་རྩིས་བྱས་ན་དབུལ་སྐྱོར་གསར་སྤེལ་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་25.21བཏང་ནས་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་2160དོན་འཁྱོལ་བྱས་པས་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་དབུལ་ཕོངས་མི་གྲངས “ལོ་ལྔ་ཚན་བཅུ་གཅིག་པའི ”དུས་འགོའི་ཁྲི་96.4ནས་2010ལོའི་ལོ་མཇུག་གི་ཁྲི་50.2བར་ཉུང་དུ་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་བསྟུད་མར་ལོ་8མགྱོགས་མྱུར་འཕར་བ་དང་ལོ་རེའི་ཆ་སྙོམས་འཕར་ཚད་14%ལོན་ནས་དབུལ་ཕོངས་མང་ཚོགས་ཚུད་པའི་ཡོང་འབབ་མགྱོགས་མྱུར་འཕར་བ་དང་འཚོ་བ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པའི་རྣམ་པ་ཆགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།