དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་དུ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        མི་དམངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་4ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་བོད་ཀྱིས་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་སླར་ཡང་མཐོ་རུ་བཏང་བ་དང་མིག་སྔར་སྲིད་ཇུས་དོན་འཁྱོལ་བྱུང་ཡོད་པ་རེད། ད་ཐེངས་ལེགས་སྒྲིག་བྱས་པ་ལས་ལྗོངས་ཡོངས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་ཁྲི་3ལྷག་ཙམ་ལ་ཁེ་ཕན་ཐོབ་པ་དང་ལེགས་སྒྲིག་བྱས་རྗེས་གཞི་རྩའི་རྒན་གསོའི་དངུལ་ཆ་སྙོམས་མི་རེར་ཟླ་རེར་སྒོར་230མཐོ་རུ་ཕྱིན་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལེགས་སྒྲིག་བྱས་པའི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཁྱབ་ཁོངས་ནི་2010ལོའི་ཟླ་12ཚེས་31ཉིན་གོང་ལས་འཁྱུར་ངལ་གསོའི་འགྲོ་ལུགས་གཉེར་ཟིན་པའི་ཁེ་ལས་ཀྱི་མི་སྣ་ཡིན་པ་དེའི་ནང་བོད་རང་སྐྱོང་ལྗོངས་ཀྱི་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་གྱི་གཅིག་གྱུར་འཆར་འགོད་ཀྱི་ཁྱབ་ཁོངས་ནང་བཅུག་པའི་ལས་ཁུངས་དང་བྱ་གཞག་ཚན་པའི་ངལ་རྩོལ་གན་རྒྱའི་ལམ་ལུགས་བཟོས་པ་དང་དེ་བཞིན་ཁེ་ལས་ཅན་གྱི་དོ་དམ་བྱ་གཞག་ཚན་པའི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣ་དང་། དམག་དཔུང་གི་དམག་ལོག་ལས་བྱེད་པ། དམག་དཔུང་དང་མཉམ་སྡོད་ཁྱིམ་མི། སྐབས་བསྟུན་ལས་ཞུགས་སོགས་ཁེར་རྐྱང་གི་འགན་བཅོལ་ནང་ཞུགས་མཁན་མི་སྣ་ཚུད་ཡོད་པ་རེད།

        ཡོངས་ཁྱབ་ཀྱི་ལེགས་སྒྲིག་བྱེད་སྟངས་ནི་ཆ་རྐྱེན་དང་མཐུན་པའི་མི་སྣའི་འགྲོ་གྲོན་འཇལ་བའི་རིམ་རྩིས་ལོ་ཚད་ལ་གཞིགས་ནས་ལོ་རེ་ལོན་ཚེ་རིགས་གཉིས་པའི་ས་ཁུལ་ལ་སྒོར་3ལེགས་སྒྲིག་དང་། རིགས་གསུམ་པའི་ས་ཁུལ་ལ་སྒོར་3.5ལེགས་སྒྲིག རིགས་བཞི་པའི་ས་ཁུལ་ལ་སྒོར་4ལེགས་སྒྲིག་བཅས་བྱ་རྒྱུ་དང་ལོ་གཅིག་མ་ལོན་པར་ལོ་གཅིག་ལྟར་རྩིས་རྒྱག་གི་ཡོད་པ་རེད། ཡོངས་ཁྱབ་ཀྱི་ལེགས་སྒྲིག་བྱེད་ཐབས་ཕུད་རང་སྐྱོང་ལྗོངས་ཀྱིས་ད་དུང་ཀྲུང་གོ་གསར་པ་དབུ་མ་བཪྙེས་གོང་ལས་ཀར་ཞུགས་པའི་བཟོ་པ་རྒན་གྲས་དང་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་དམག་ལོག་ལས་བྱེད་པ་སོགས་ཚོགས་སྤྱིར་དམིགས་ནས་དམིགས་བསལ་གྱི་ལེགས་སྒྲིག་བྱེད་ཐབས་ཤིག་གཏན་འབེབས་བྱས་པ་དང་འབྲེལ་བོད་ཀྱི་བཅིངས་འགྲོལ་དང་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ཐད་བྱས་རྗེས་འཇོག་མཁན་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣར་འོས་འཚམས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་གྱི་ཡོད་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། 2005ལོ་ནས་བཟུང་བོད་ཀྱིས་སྔ་རྗེས་སུ་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣའི་རྒན་གསོའི་དངུལ་ལེགས་སྒྲིག་ཐེངས་7བྱས་པ་ལས་རྒྱ་ཆེའི་ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི་སྣའི་འཚོ་བའི་ཆ་རྐྱེན་ནུས་ལྡན་ངང་འགན་ལེན་བྱུང་བ་དང་ལེགས་སུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།