དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དམངས་སེམས་ལ་དྲོ་སྐྱིད་སྦྱིན་པའི་ལྷ་སའི་བྱ་བ་དངོས་བཅུ་གཉིས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        2011ལོར་ལྷ་ས་གྲོང་ཁྱེར་གྱིས་བྱ་བ་དངོས་བཅུ་གཉིས་དམ་འཛིན་བྱས་ཏེ་དམངས་ཀྱི་ཆེད་དུ་བྱ་བ་དངོས་སྒྲུབ་པའི་ལམ་ལུགས་ཅན་ཆགས་པ་བྱ་རྒྱུ་ཡིན་པ་སྟེ། གཅིག་ནི་རང་བྱུང་གྲོང་ཚོར་གཞུང་ལམ་ཤར་གཏོང་གི་ལས་གྲྭ་ལག་བསྟར་བྱེད་འགོ་འཛུགས་རྒྱུ་དང་། གཉིས་ནི་ཞིང་འབྲོག་ཐོན་ཟོག་ཉོ་ཚོང་ཁྲོམ་ར་དང་། བསྐྱར་སྤྱོད་ཐོན་ཁུངས་བསྡུ་འགྲེམས་ཁྲོམ་ར། ཤིང་ཆ་ཉོ་ཚོང་ཁྲོམ་ར། གྲོང་ཁྱེར་ཤར་འདབས་གྲོང་སྡེའི་ཚོང་ར་བཅས་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ། གསུམ་ནི་དྲོད་ཁང་སྟར་པ་3000འཛུགས་སྐྲུན་བྱ་རྒྱུ། བཞི་ནི་སློབ་ཆེན་སློབ་མས་རང་བརྟེན་ལས་ལམ་གཏོད་པའི་རོགས་སྐྱོར་སྲིད་ཇུས་བཟོ་རྒྱུ་། ལྔ་ནི་འདམ་གཞུང་དང་། ཆུ་ཤུར། མལ་གྲོ་གུང་དཀར་སོགས་རྫོང་གསུམ་དུ་ཐོལ་བྱུང་གནོད་འཚེ་དང་དོན་རྐྱེན་དང་དེ་བཞིན་འགྲིམ་འགྲུལ་ལས་འཛོལ་གྱི་སྨན་བཅོས་རོགས་སྐྱོབ་ལྟེ་གནས་འཛུགས་རྒྱུ། དྲུག་ནི་ས་ཞིང་ཤོར་བའི་ཞིང་པའི་ཐེམ་ཐོ་གྲོང་མིའི་ཐེམ་ཐོར་སྒྱུར་བ་དང་རྩལ་ནུས་གསོ་སྦྱོང་བྱས་ཏེ་ས་ཞིང་ཤོར་བའི་ཞིང་པ་3000ལས་ཞུགས་ཐུབ་རྒྱུའི་རོགས་རམ་བྱ་རྒྱུ། བདུན་ནི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་ལོ་གསུམ་གྱི་འཚོ་བའི་འགྲོ་གྲོན་ཐད་རོགས་རམ་བྱ་རྒྱུ། བརྒྱད་ནི་རྫོང (ཆུས )ལ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྐྱེལ་བསུའི་འཁོར་རིགས་ཐག་གཅོད་བྱ་རྒྱུ། དགུ་ནི་སྲིད་འཛིན་གྲོང་ཚོ་20རུ་སློབ་ཞུགས་གོང་གི་འཛིན་གྲྭ་འཛུགས་རྒྱུ། བཅུ་ནི་གྲོང་ཁྱེར་ཡོངས་ཀྱི་ལས་སྐལ་ཚབ་སྒྲུབ་དགེ་རྒན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་མི་སྣའི་ཐོབ་ཐང་མཐོ་རུ་བཏང་ནས་ཟླ་རེའི་གླ་ཕོགས་སྒོར་950ཟིན་པ་བྱ་རྒྱུ། བཅུ་གཅིག་ནི་ལོ་45ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་སྒྲིག་འཛུགས་ཀྱིས་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་པ་དང་ཆབས་ཅིག་བདེ་ཐང་ཡིག་ཚགས་འཛུགས་རྒྱུ། བཅུ་གཉིས་ནི་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་32དང་སྡེ་ཁུལ་གྱི་ལན་ཆིའུ་སྤོ་ལོའི་ཐང་5སྐྲུན་རྒྱུ་བཅས་ཡིན་ཞིང་། མིག་སྔར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་དམངས་ཀྱི་ཆེད་དུ་བསྒྲུབ་རྒྱུའི་དམངས་འཚོའི་བྱ་བ་དངོས་བཅུ་གཉིས་ཀྱི་འཕེལ་རིམ་བདེ་བླག་ཡོད་པ་རེད།

        ལོ་45ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་རིན་མེད་ངང་གཟུཌ་པོར་བརྟག་དཔྱད་བྱ་རྒྱུ་ཡིན་པ།

        དམངས་འཚོའི་བྱ་བ་དངོས་བཅུ་གཉིས་ནང་གི་ལོ་45ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིར་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་པ་དང་ཆབས་ཅིག་བདེ་ཐང་ཡིག་ཚགས་བཟོ་རྒྱུའི་དུས་འགོའི་ལས་དོན་གྱི་འཕེལ་རིམ་བདེ་བླག་ཡོད་པ་རེད།

        ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་དུ་རིན་མེད་ངང་གཟུགས་པོར་བརྟག་དཔྱད་བྱེད་དགོས་པའི་ལོ་45ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་4116ཡོད་ཅིང་། ཁྲེང་ཀོན་ཆུས་སུ་གཞུང་བཙུགས་སྨན་ཁང་མེད་སྟབས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་བྱེད་པར་འགྲོ་རྒྱུ་ལས་མ་འདས། མིག་སྔར་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་ཅུས་ཀྱིས་ན་ནིང་གི་གྲོན་བསྡུའི་ཚད་གཞིར་གཞིགས་ནས་གཟུགས་པོ་བརྟག་དཔྱད་ཀྱི་གྲོན་དངུལ་ཞིབ་དཔྱད་བྱེད་བཞིན་ཡོད་པ་དང་རྣམ་གྲངས་དེ་ཟླ་བ་གསུམ་པའི་ཟླ་དཀྱིལ་དང་ཟླ་སྨད་དུ་ལག་བསྟར་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།

        འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ད་དུང་འདམ་གཞུང་དང་། ཆུ་ཤུར། མལ་གྲོ་གུང་དཀར་བཅས་རྫོང་གསུམ་དུ་ཐོལ་བྱུང་གནོད་འཚེ་དང་དོན་རྐྱེན་དང་དེ་བཞིན་འགྲིམ་འགྲུལ་ལས་འཛོལ་གྱི་སྨན་བཅོས་རོགས་སྐྱོབ་ལྟེ་གནས་འཛུགས་རྒྱུ་ཡིན་ཞིང་། མིག་སྔར་མི་སྣ་བཀོད་སྒྲིག་དང་། ས་ཆ་འདེམས་པ། སྒྲིག་ཆས་ཉོ་སྒྲུབ། ཚན་ཞིབ་ཀྱི་རིག་པས་ཁུངས་སྐྱེལ་སོགས་དུས་འགོའི་ལས་དོན་སྒྲུབ་བཞིན་ཡོད་པ་རེད།

        སློབ་ཆེན་སློབ་མས་རང་བརྟེན་ལས་ལམ་གཏོད་རྒྱུར་སྐུལ་ལྕག་བྱ་རྒྱུ་ཡིན་པ།

        སློབ་ཆེན་སློབ་མས་རང་བརྟེན་ལས་ལམ་གཏོད་རྒྱུར་སྐུལ་ལྕག་བྱ་ཆེད་ལྷ་ས་གྲོང་ཁྱེར་གྱིས་ས་ཆ་དེ་རང་ལ་འཚམས་པའི་རོགས་སྐྱོར་སྲིད་ཇུས་བཟོ་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཁྲེང་ཏུའུ་དང་། ཁྲུང་ཆིང་། ཁུན་མིང་སོགས་གྲོང་ཁྱེར་དང་འབྲེལ་བ་ཧུར་ཐག་བྱས་ཏེ་འདི་ལོའི་ལོ་སྟོད་དུ་འབྲེལ་ཡོད་མི་སྣ་སྒྲིག་འཛུགས་བྱས་ཏེ་ནང་སར་སློབ་སྦྱོང་བྱེད་པར་གཏོང་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་མཐོ་སློབ་ལྟེ་གནས་དང་ལས་རིགས་ནུས་པ་འཛུགས་སྐྱོང་ཁྲུའུ་སོགས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་བ་དང་མཐུན་སྦྱོར་བྱས་ཏེ་ས་ཆ་དེ་རང་ལ་འཚམས་པའི་སློབ་ཆེན་སློབ་མས་ལས་ལམ་གཏོད་པའི་རོགས་སྐྱོར་སྲིད་ཇུས་འཚོལ་ཞིབ་བྱས་ནས་འཛུགས་རྒྱུ་ཡིན་པ་རེད།

        འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ས་ཞིང་ཤོར་བའི་ཞིང་པའི་ཐེམ་ཐོ་གྲོང་མིའི་ཐེམ་ཐོར་སྒྱུར་བ་དང་འབྲེལ་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་ཏེ་ས་ཞིང་ཤོར་བའི་ཞིང་པ་3000ལས་ཞུགས་ཐུབ་རྒྱུའི་རོགས་རམ་བྱ་རྒྱུ་ཡིན་ཞིང་། ལྷ་ས་གྲོང་ཁྱེར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ས་ཞིང་ཤོར་ནས་ལས་མེད་དུ་གྱུར་པའི་ཞིང་པ་ལས་ཞུགས་ཀྱི་སྐར་ཁུང་གཏོད་ནས་ཁོང་ཚོར་ལས་རིགས་ངོ་སྤྲོད་དང་། ལས་རིགས་མཛུབ་ཁྲིད། སྲིད་ཇུས་ཐད་ཀྱི་བློ་འདྲི་སོགས་ཀྱི་ཞབས་ཞུ་བྱ་རྒྱུ་ཡིན་པ་དང་ཆབས་ཅིག་རྫོང (ཆུས )ཁག་ཏུ་བསྐྱོད་ནས་ངལ་རྩོལ་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ལས་རིགས་ཀུན་སྤྱོད་སློབ་གསོ་ནང་དོན་དུ་བྱས་པའི་མཛུབ་ཁྲིད་རང་བཞིན་གྱི་གསོ་སྦྱོང་བྱ་རྒྱུ་ཡིན་པ་རེད། འདི་ལོའི་ལོ་སྟོད་དུ་ས་ཞིང་ཤོར་ནས་ལས་མེད་དུ་གྱུར་པའི་ཞིང་པ་240ལ་ཆེད་ལས་ལག་རྩལ་གསོ་སྦྱོང་བྱས་པ་མ་ཟད་ས་ཞིང་ཤོར་ནས་ལས་མེད་དུ་གྱུར་པའི་ཞིང་པ་141ལ་ལས་ཞུགས་ལས་རིགས་ཐོབ་ཐང་ལག་ཁྱེར་གཉེར་ཡོད་པ་རེད།

        ཆེད་ལས་ཁྲོམ་ར་བཞི་འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུ་ཡིན་པ།

        ལྷ་ས་གྲོང་ཁྱེར་གྱི་ཞིང་འབྲོག་ཐོན་ཟོག་ཉོ་ཚོང་ཁྲོམ་ར་དང་པོའི་ས་ཆ་བོད་ལྗོངས་སློབ་ཆེན་ལམ་གྱི་ལྷོ་ངོས་སུ་བདམས་ཡོད་པ་དང་རྒྱ་ཁྱོན་མུའུ་50ཡོད། ས་ཆ་དེ་རྔ་ཆེན་ཤང་མཉམ་སྡེབ་ལ་དབང་ཞིང་། ཁྲེང་ཀོན་ཆུས་སྲིད་གཞུང་གིས་རྔ་ཆེན་ཤང་དར་དམར་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་ས་ཆ་བསྡུ་ལེན་གྱི་གྲོས་མཐུན་བཞག་ཟིན་ཁར་ས་ཆ་འཆར་འགོད་ཀྱི་ཆོག་འཐུས་ལག་ཁྱེར་གཉེར་ཟིན་ཡོད། དེ་བྱིངས་ཀྱི་འགྲོ་ལུགས་གཉེར་བཞིན་ཡོད་པ་དང་འགྲོ་ལུགས་ཆ་ཚང་བྱུང་རྗེས་འོས་འགུགས་འོས་དཔོད་བྱ་རྒྱུ་ཡིན་པ་རེད། ཁྲོམ་རའི་ནང་ཉོ་ཚོང་ཁུལ་དང་། ནུས་པའི་ཞབས་ཞུའི་ཁུལ། ཞོར་གཏོགས་སྒྲིག་བཀོད་དང་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་སོགས་དབྱེ་སྟེ་ནུས་པ་ཆ་ཚང་བའི་ཁྲོམ་ར་ཞིག་འཛུགས་སྐྲུན་བྱེད་རྩིས་ཡོད་པ་རེད།

        མིག་སྔར་ལྷ་ས་གྲོང་ཁྱེར་དུ་འབྲེལ་ཡོད་བསྐྱར་སྤྱོད་ཐོན་ཁུངས་ལས་སྣོན་བཟོ་གྲྭ་མེད་སྟབས་གྲོང་ཁྱེར་ནང་གི་བེད་མེད་དངོས་ཟོག་བསྡུ་ལེན་ས་ཚིགས་གྲོང་ཁུལ་ནང་ཁྱབ་ཡོད་པ་དང་གཞི་ཁྱོན་ཆགས་མེད་པས་གྲོང་ཁྱེར་གྱི་རྣམ་པར་ཤུགས་རྐྱེན་ངེས་ཅན་ཞིག་བཟོ་གི་ཡོད། ལྷ་ས་གྲོང་ཁྱེར་རྒྱལ་ཁབ་ས་ཆ་ཐོན་ཁུངས་འཆར་འགོད་ཅུས་ཀྱིས་བསྐྱར་བཅོས་ཐོན་ཁུངས་བསྡུ་འགྲེམས་ཁྲོམ་རའི་ས་ཆ་འདེམས་པའི་ལས་དོན་ཐད་མཐུན་སྦྱོར་བྱེད་བཞིན་ཡོད་པ་དང་ས་ཆ་དེ་ལྷ་ས་གྲོང་ཁུལ་ནས་ཐག་རིང་ཙམ་ཡོད་པའི་སར་འདེམས་རྒྱུ་ཡིན་ཞིང་། ཁྲོམ་ར་དེ་བསྐྲུན་རྗེས་གྲོང་ཁྱེར་ནང་གི་བསྐྱར་བཅོས་ཐོན་ཁུངས་བསྡུ་ལེན་ས་ཚིགས་ཁྲོམ་རའི་ནང་སྤོ་རྒྱུ་ཡིན་པ་རེད།

        མིག་སྔར་ལྷ་ས་གྲོང་ཁྱེར་དུ་ཤིང་ཚོང་རྒྱག་མཁན་ཚོང་དུད་300ཙམ་ཡོད་པ་དང་མང་ཆེ་བ་རྔ་ཆེན་ལམ་དུ་ཡོད་པའི་ཤིང་ཆ་ཉོ་ཚོང་ཁྲོམ་རའི་ནང་ཚོང་གཉེར་བྱེད་ཀྱི་ཡོད་པས་དོ་དམ་ཐད་ཟིང་ཆེ་ཙམ་ཡོད། འཆར་འགོད་དང་འཛུགས་སྐྲུན་བྱ་རྒྱུའི་ཤིང་ཆ་ཉོ་ཚོང་ཁྲོམ་ར་དེ་སྟག་རྩེ་བཟོ་ལས་གླིང་དུ་སྐྲུན་རྩིས་ཡོད་པ་དང་ཁྲོམ་ར་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་ལེགས་གྲུབ་ཟིན་ཡོད། མིག་སྔར་རྣམ་གྲངས་ཀྱི་ཁོར་ཡུག་ཐད་ཀྱི་སྔོན་ཚུད་ཞིབ་མཆན་དང་། ཞིང་དུད་གནས་སྤོ། ས་ཞིང་དང་ནགས་སའི་ཁ་གསབ། གཞུང་ལམ་འཛུགས་སྐྲུན་གྲོན་དངུལ་གྱི་རྨང་གཞིའི་བརྟག་དཔྱད་དང་མཐུན་སྦྱོར་སོགས་དུས་འགོའི་ལས་དོན་ལེགས་གྲུབ་ཟིན་ཡོད་པ་རེད།

        མ་དངུལ་སྒོར་ཁྲི་150བཏང་ནས་ལུས་སྦྱོང་སྒྲིག་བཀོད་སྐྲུན་རྒྱུ་ཡིན་པ།

        བྱ་བ་དངོས་12ནང་ལྷ་ས་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་དང་འབྲེལ་བ་ཡོད་པའི་བྱ་བ་དངོས་ཁག་5ཡོད་པ་སྟེ། འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་ལོ་གསུམ་གྱི་འཚོ་བའི་གྲོན་དངུལ་རོགས་སྐྱོར་བྱ་རྒྱུ་དང་། རྫོང (ཆུས )དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བསུ་སྐྱེལ་གྱི་འཁོར་རིགས་ཐག་གཅོད་བྱ་རྒྱུ། སྲིད་འཛིན་གྲོང་ཚོ་20རུ་སློབ་ཞུགས་གོང་གི་འཛིན་གྲྭ་འཛུགས་རྒྱུ། གྲོང་ཁྱེར་ཡོངས་ཀྱི་ལས་སྐལ་ཚབ་སྒྲུབ་དགེ་རྒན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་མི་སྣའི་ཐོབ་ཐང་མཐོ་རུ་གཏོང་རྒྱུ། དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་32དང་སྡེ་ཁུལ་གྱི་ལན་ཆིའུ་སྤོ་ལོ་ཐང་5སྐྲུན་རྒྱུ་བཅས་ཡིན་པ་རེད།

        དམངས་ཡོངས་ཀྱི་ལུས་སྦྱོང་བྱ་ཡུལ་32དང་སྡེ་ཁུལ་གྱི་ལན་ཆིའུ་སྤོ་ལོ་ཐང་5སྐྲུན་རྒྱུར་མ་དངུལ་བསྡོམས་འབོར་སྒོར་ཁྲི་150གཏོང་རྒྱུ་ཡིན་པ་དང་མ་དངུལ་དེ་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ནས་འགན་འཁུར་རྒྱུ་དང་མིག་སྔར་རྣམ་གྲངས་ཀྱི་ས་ཆ་འདེམས་བཞིན་ཡོད། གྲོང་ཁྱེར་ཡོངས་ཀྱི་ལས་སྐལ་ཚབ་སྒྲུབ་དགེ་རྒན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་མི་སྣའི་ཐོབ་ཐང་མཐོ་རུ་གཏོང་རྒྱུའི་ཐད་ལྷ་ས་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱིས་ཟླ་རེར་གླ་ཕོགས་སྒོར་950ཡི་ཚད་གཞིའི་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི་ལས་སྐལ་ཚབ་སྒྲུབ་དགེ་རྒན་དང་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་མི་སྣའི་གླ་ཕོགས་གཏན་འཁེལ་བྱ་རྒྱུ་ཡིན་པ་དང་འགྲོ་གྲོན་སྒོར་ཁྲི་547.2དེ་དག་ཚང་མ་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སློབ་གསོའི་གཏོང་ཆའི་ལེ་ལག་མ་དངུལ་ནང་འཇུག་རྒྱུ་ཡིན་པ་དང་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ཀྱང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་ལོ་གསུམ་གྱི་འཚོ་བའི་གྲོན་དངུལ་སྒོར་ཁྲི་177.6རོགས་སྐྱོར་བྱ་རྒྱུ་ཡིན་པ་མ་ཟད་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་སློབ་གསོའི་གཏོང་ཆའི་ལེ་ལག་མ་དངུལ་ནང་འཇུག་རྒྱུ་ཡིན་པ་རེད།

        སྲིད་འཛིན་གྲོང་ཚོ་20རུ་སློབ་ཞུགས་གོང་གི་འཛིན་གྲྭ་འཛུགས་རྒྱུའི་ཇུས་གཞི་དེ་ལྷ་ས་གྲོང་ཁྱེར་སྲིད་གཞུང་ལ་སྙན་སེང་ཞུས་ཡོད་ཅིང་། ཇུས་གཞི་ལྟར་ན་སྲིད་འཛིན་གྲོང་ཚོ་20རུ་སློབ་ཞུགས་གོང་གི་འཛིན་གྲྭ་འཛུགས་རྒྱུའི་འགྲོ་གྲོན་ཚང་མ་ལྷ་ས་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་གཞི་རྩའི་འཛུགས་སྐྲུན་རྣམ་གྲངས་ཀྱི་མ་དངུལ་ནས་གཏོང་རྒྱུ་ཡིན་པ་རེད། རྫོང (ཆུས )8དུ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བསུ་སྐྱེལ་གྱི་འཁོར་རིགས་ཐག་གཅོད་བྱེད་པའི་ཞིབ་ཕྲའི་ལག་བསྟར་ཇུས་གཞིའི་ཐད་ལྷ་ས་གྲོང་ཁྱེར་ནོར་སྲིད་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་དང་གྲོས་མོལ་བྱེད་བཞིན་ཡོད།

        རང་བྱུང་གྲོང་ཚོ་114ལ་གཞུང་ལམ་ཤར་གཏོང་ཐུབ་རྒྱུ་ཡིན་པ།

        2011ལོར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྡེ་ཚན་གྱིས་རྫོང་7དང་ཆུས་1གི་སྲིད་འཛིན་གྲོང་ཚོ (ཚོགས་ཆུང )114ལ་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་གནད་དོན་གཙོ་གནད་ཐག་གཅོད་བྱེད་རྒྱུ་ཡིན་པ་དེས་གྲོང་གསེབ་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཧ་ཅང་ལེགས་སུ་དང་དམངས་འཚོ་སྔར་བས་ལེགས་སུ་ཕྱིན་ནས་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་ཏེ་མི་འགྲོ་སྐྱོད་བདེ་བ་དང་། དངོས་ཟོག་དབོར་འདྲེན་བྱེད་བདེ་བ། ཆ་འཕྲིན་སྤེལ་རེས་བྱེད་བདེ་བ་བཅས་ཀྱི་གྲོང་གསེབ་གསར་པའི་འགྲིམ་འགྲུལ་ཁོར་ཡུག་ཅིག་ཧུར་ཐག་གཏོད་རྒྱུ་ཡིན་པ་རེད།

        མིག་སྔར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཆེད་དོན་འགོ་ཁྲིད་ཚོགས་ཆུང་སྒྲིག་འཛུགས་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་ད་ཡོད་རང་བྱུང་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་གནས་ཚུལ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་པ་མ་ཟད་ད་དུང་ལས་དོན་ཚོགས་ཆུང་ཆེད་མངགས་སྒྲིག་འཛུགས་བྱས་ནས་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་ཡོད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་གཞུང་ལམ་ཤར་གཏོང་ཐུབ་མེད་པའི་རང་བྱུང་གྲོང་ཚོ (ཚོགས་ཆུང )114ལ་གཞུང་ལམ་དང་ཟམ་པ་གསར་སྐྲུན་བྱེད་པའི་ལས་གྲྭའི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་བཀོད་སྒྲིག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།