དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཞིབ་ཕྲའི་བྱ་ཐབས་ཀྱི་ཐོག་ནས་དམངས་འཚོའི་དོན་སྙིང་མཚོན་པ་བྱེད་དགོས།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        རྩོམ་སྒྲིག་པའི་གཏམ།  

        དམངས་འཚོ་ཞེས་པ་ནི་འབོད་བདེ་བའི་སྟབས་བདེའི་མིང་ཚིག་ཅིག་ཡིན་རུང་དེའི་དོན་སྙིང་ནི་རྒྱ་ཆེ་གཏིང་ཟབ་ཅན་ཞིག་ཡིན་སྟབས་དམངས་ཀྱི་འཚོ་གནས་ཆ་རྐྱེན་དང་འཚོ་བའི་ཆུ་ཚད་མཐོ་དམན་དང་སྤུས་ཚད་ལེགས་ཉེས་ཀུན་ལ་ཁྱབ་པ་མ་ཟད་ཞིབ་ཕྲའི་ནང་དོན་ཐད་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། ཁོར་ཡུག་གི་གནད་དོན་སོགས་ཚང་མ་དང་འབྲེལ་བ་དམ་ཟབ་ཡོད་པས་དམངས་འཚོ་དེ་བཞིན་ཞིབ་ཕྲའི་བྱ་ཐབས་ཐོག་འཁྱོལ་བ་བྱ་རྒྱུར་ཪྙོག་འཛིང་ཆེ་ལ་དཀའ་ངལ་ཡང་ངེས་ཅན་ཞིག་འཕྲད་ཀྱི་ཡོད། སྐྱེ་བོ་མང་པོ་ཞིག་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པ་མང་པོས་དམངས་འཚོའི་དོན་སྙིང་ལ་ངོས་འཛིན་གསལ་པོ་མེད་པས་དམངས་འཚོའི་བྱ་བ་སྒྲུབ་པའི་ཕན་འབྲས་ལ་ཤུགས་རྐྱེན་ངན་པ་བཟོ་བཞིན་ཡོད་པ་ནི་ལས་དོན་པ་མང་པོས་དམངས་འཚོའི་བྱ་བ་ནི་མང་ཚོགས་ཀྱི་སྒོ་འགྲམ་དུ་ཞབས་ཞུའི་བྱེད་སྒོ་རེ་གཉིས་སྤེལ་བ་དང་དངོས་པོའི་རྒྱབ་སྐྱོར་ཕྲན་བུ་བྱས་པར་ངོས་འཛིན་གྱི་ཡོད། དོན་དམ་དུ་སྤྱི་ཚོགས་འཕེལ་རྒྱས་འགྲོ་བ་དང་སྦྲགས་དམངས་འཚོའི་དོན་སྙིང་དང་ཁྱབ་ཁོངས་ཀྱང་ཇེ་ཆེར་ཕྱིན་ནས་ད་ཆ་འཚོ་ཞིང་གནས་པའི་མཐུན་རྐྱེན་ཡོད་ཚད་ཙམ་མ་ཟད་བསམ་པ་དང་རིག་གནས་ཀྱི་ཁྱབ་ཁོངས་སུའང་ཁྱབ་ཚད་ཇེ་ཆེར་ཕྱིན་ནས་བསམ་པའི་དཔལ་ཡོན་དང་དངོས་པོའི་དཔལ་ཡོན་ཚང་མ་དམངས་འཚོའི་དོན་སྙིང་དང་ཁ་འབྲལ་ཐབས་མེད་པར་གྱུར་ཡོད། དེ་ལྟར་ཡིན་སྟབས་དམངས་འཚོ་དོན་འཁྱོལ་བྱ་རྒྱུར་ཡང་དེ་སྔའི་བྱ་ཐབས་ཪྙིང་པ་ལས་སྒྲོལ་ནས་ལས་དོན་སྒྲུབ་པའི་ཁྱབ་ཁོངས་རྒྱ་ཆེར་གཏོང་བ་དང་ཆེས་ཞིབ་ཕྲ་ཅན་དུ་འགྱུར་བ་བྱ་རྒྱུ་ནི་དམངས་འཚོའི་བྱ་བ་ལེགས་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན། ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་འདི་ལོ་ཞིང་འབྲོག་ལས་དང་། འགྲིམ་འགྲུལ། སློབ་གསོ། ལས་ཞུགས། འཕྲོད་བསྟེན་དང་སྤྱི་ཚོགས་འགན་སྲུང་སོགས་ནང་དོན་གཙོ་བོར་བྱས་པའི་དམངས་འཚོའི་བྱ་བ་12བསྒྲུབ་རྒྱུའི་ཁས་ལེན་བྱས་པ་ནི་དམངས་འཚོའི་བྱ་བ་ངོ་མ་སྒྲུབ་པའི་མངོན་ཚུལ་ཞིག་ཡིན་ལ་དམངས་ལ་ཕན་པ་ཧ་ཅང་ཆེ་ལ་ཆེས་ཁ་ཚ་དགོས་གཏུགས་ཀྱི་དམངས་འཚོའི་བྱ་བ་ངོ་མ་ཞིག་ཀྱང་ཡིན་པ་དང་ཁག་གཅིག་ནི་དམངས་ཕན་གྱི་བྱ་བཟང་གསར་པ་ཡིན་པ་དཔེར་ན། ལོ་ན་45ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་སྒྲིག་འཛུགས་ཀྱིས་གཟུགས་པོ་བརྟག་དཔྱད་བྱེད་དུ་བཅུག་ནས་བདེ་ཐང་གི་ཡིག་ཚགས་བཟོ་བ་དང་། རྫོང (ཆུས )གི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བསུ་སྐྱེལ་བྱེད་པའི་འཁོར་རིགས་ཐག་གཅོད་བྱ་རྒྱུ། འགྲིམ་འགྲུལ་ལས་འཛོལ་གྱི་སྨན་བཅོས་རོགས་སྐྱོབ་ལྟེ་གནས་འཛུགས་རྒྱུ་སོགས་ཀྱི་ནང་དོན་ཚུད་པ་དེ་དག་གིས་གྲོང་ཁྱེར་དེའི་དམངས་འཚོའི་བྱ་གཞག་འཐུས་སྒོ་ཇེ་ཚང་འགྲོ་བཞིན་ཡོད་པ་མཚོན་ཡོད་ལ་དམངས་འཚོའི་བྱ་བ་བསྒྲུབ་རྒྱུ་དེ་ཚོགས་འདུའི་ཐོག་གི་གཏམ་བཤད་ཙམ་དང་ཁ་ཐོག་གི་གཏམ་གླེང་ཙམ་མ་ཡིན་པར་བྱ་སྤྱོད་ངོ་མའི་ཐོག་འཁྱོལ་བའི་མཚོན་ཚུལ་ཞིང་ཀྱང་ཡིན་པས་དམངས་འཚོའི་བྱ་དངོས་སྒྲུབ་པའི་ཁས་ལེན་དེ་དང་འདི་འདྲ་བ་ནི་རང་ལྗོངས་ཀྱི་ས་གནས་ཁག་ཚང་མས་མིག་དཔེར་འཛིན་ནས་ས་གནས་ཀྱི་དམིགས་བསལ་དགོས་མཁོ་དང་འཚམས་པའི་དམངས་འཚོའི་བྱ་བ་བསྒྲུབ་རྒྱུར་གཞོལ་ནས་དམངས་འཚོའི་བྱ་བ་དེ་ཞིབ་ཕྲའི་བྱ་ཐབས་ཐོག་ནས་མཚོན་པ་བྱེད་པ་དང་ཅིས་ཀྱང་ཁ་ཐོག་ལག་བཞག་ཡོང་བ་ཞིག་ཀྱང་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།