དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དཀའ་སྤྱད་འཁུར་བཟོད་བྱ་གཞག་གཏོད། གཞན་ཕན་ལྷག་བསམ་དུང་ལས་དཀར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  དོན་གྲུབ། འཕྲིན་སྤེལ་བ།པད་མ་དགྲ་འདུལ།   |     སྤེལ་དུས།  2015-05-15

        འདི་ནི་སྨིན་དྲུག་ལགས་ཀྱིས་གནས་ཆུང་གྲོང་རྡལ་གྱི་འཚོ་བར་དཀའ་ངལ་ཡོད་པའི་དུད་ཁྱིམ་15ལ་དངུལ་དང་དངོས་པོ་སྤྲོད་བཞིན་པ།

        སྨིན་དྲུག་ལགས་ཀྱི་རོགས་རམ་ཐོབ་པའི་དབུལ་ཁྱིམ་གྱི་འཐུས་མིས་ཁོང་ལ་ཐུགས་རྗེ་ཆེ་ཞུ་བའི་གོས་དར་ཕུལ་བ།

        བོད་ལྕགས་ཡོས་ལོའི་ལོ་གསར་འཆར་ཉེའི་མཚམས་ཀྱི་ཉིན་ཞིག་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་གནས་ཆུང་གྲོང་ཚོའི་ལམ་ཁ་དང་། མུ་ཁ། ཁང་ཁྱིམ་སོགས་ཀྱི་བར་དུ་གད་སྙིགས་དབོར་འདྲེན་རླངས་འཁོར་བཏང་ནས་ལག་ཏུ་ཕྱག་མ་དང་སྦྱག་མ་སོགས་གད་འཕྱིད་ཡོ་བྱད་འཁྱེར་བའི་མི་གྲངས་ཉི་ཤུའི་གཡས་གཡོན་གྱི་གད་རྡར་དཔུང་ཁག་གཅིག་གིས་ཚ་ཚ་འུར་འུར་དང་རྡུལ་འཚུབ་འཚུབ་ཀྱིས་འོས་འགན་གྱི་གཙང་སྦྲའི་ལས་འགུལ་འཁྲུག་པོ་ཞིག་སྤེལ་བཞིན་ཡོད་པ་རེད། གཙང་སྦྲའི་དཔུང་ཁག་དེའི་ཁྲོད་ལོ་ན་ལྔ་བཅུའི་ཡས་མས་སུ་སོན་པའི་གཙང་བཙོག་གང་ལ་ཡང་མི་འཛེམས་པར་དཔུང་ཁག་གི་སྣེ་འཁྲིད་མཁན་སྐྱེ་བོ་ཞིག་འདུག་པ་དེ་ནི་ད་ཐེངས་ཀྱི་གཙང་སྦྲའི་འོས་འགན་ལས་འགུལ་དེ་སྒྲིག་འཛུགས་བྱེད་མཁན་སྟེ། བོད་ལྗོངས་དམངས་ཚོགས་དངོས་ལས་དོ་དམ་ཚད་ཡོད་ཀུང་སིའི་དབུ་འཛིན་སྨིན་དྲུག་ལགས་རེད་འདུག གནང་སྟངས་དེ་ལས་ཁོང་ནི་བྱ་བ་གང་ཡང་བྱེད་ཕོད་པ་དང་དཀའ་སྡུག་གང་ཡང་མྱང་ཕོད་པའི་སྐྱེ་བོ་ཞིག་ཡིན་པའི་ཚོར་སྣང་ཟབ་མོ་སྐྱེས་བྱུང་།

        ཀྱག་ཀྱོག་ལམ་ཕྲན་བརྒྱུད་ནས་ཕུགས་བསམ་ལམ་ཆེན་བསྙེགས།

        སྨིན་དྲུག་ལགས་ཁོང་ནི་བོད་ལྗོངས་ལྷོ་ཁ་གྲ་ནང་རྫོང་གི་མི་ཡིན་པ་དང་ཆུང་ངུའི་དུས་ནས་དྭ་ཕྲུག་ལ་གྱུར་ཏེ་རང་ལོ་11ལ་སོན་སྐབས་སྤུན་མཆེད་ཅིག་གི་རོགས་རམ་འོག་ལྷ་ས་གནའ་རབས་འཛུགས་སྐྲུན་ཀུང་སིར་ཤིང་བཟོའི་ལག་རྩལ་སྦྱོང་དུ་ཡོང་། ལོ་གཉིས་ཀྱི་རྗེས་ཏེ་1985ལོར་རང་ལོ་བཅོ་ལྔར་སོན་པའི་སྨིན་དྲུག་ལགས་བོད་ལྗོངས་མི་དམངས་སྨན་ཁང་གི་གཙང་སྦྲའི་གླ་པར་གྱུར། དེ་ནས་བཟུང་སྨིན་དྲུག་ལགས་ཀྱི་ལས་འགན་གཙོ་བོ་ནི་སྨན་ཁང་གི་གསང་སྤྱོད་དང་ཁོར་ཡུག་ལ་གཙང་སྦྲ་བྱ་རྒྱུ་དེ་ཡིན། སྙིང་རུས་ཅན་གྱིས་རྡོ་ལ་ཨི་ཁུང་འབིཌ་ཞེས་པ་ལྟར་སྨིན་དྲུག་ལགས་ཀྱིས་དུས་རྒྱུན་ལས་ཀའི་ཁྲོད་གཡོ་ཟོལ་སྤུ་ཙམ་ཡང་མེད་པར་རང་འཁྲིའི་ལས་ཀ་ཁག་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སྤྱི་ལོ་1995ལོར་ཁོང་ལྗོངས་མི་དམངས་སྨན་ཁང་གི་གཙང་སྦྲའི་ཙུའུ་ཀྲང་ལ་བསྐོས། འགན་སེམས་ཟབ་ལ་མིག་རྒྱང་རིང་བའི་སྨིན་དྲུག་ལགས་ཀྱིས་མིག་མདུན་གྱི་གྲུབ་འབྲས་ཕྲན་བུ་དེར་ཆགས་ནས་མི་སྡོད་པར་རང་གི་མི་ཚེའི་གར་སྟེགས་ཐོག་འཁྲབ་ཚན་འཁྲུག་པོ་ཞིག་འཁྲབ་རྒྱུའི་འཁྲབ་ཡོལ་དེ་དལ་གྱིས་ཕྱེས།

        སྤྱི་ལོ་2001ལོར་སྨིན་དྲུག་ལགས་ཀྱིས་ལྗོངས་མི་དམངས་སྨན་ཁང་གི་ལས་བཟོའི་ཉལ་ཁང་ཁུལ་གྱི་བདེ་འཇགས་དང་གཙང་སྦྲའི་ལས་ཀ་འགན་གཙང་བླངས་ནས་བྱ་གཞག་གསར་གཏོད་ཀྱི་ལམ་དུ་ཞུགས། དང་ཐོག་ཁོང་གིས་སྨན་ཁང་གི་གད་འཕྱིད་བྱེད་པའི་ཞོར་དུ་འཐུང་བཅའི་ལྕགས་ཀྲིན་དང་འགྱིག་སྣོད་སྟོང་པ་བཙོངས་པ་སོགས་བྱས་ནས་བསག་བསག་གྲུང་གྲུང་གིས་བྱུང་བའི་སྒོར་ཁྲི་20དེའི་ཐོག་སྤུན་མཆེད་ས་ནས་སྒོར་ཁྲི་10ཙམ་གཡར་བ་དེས་མ་རྩ་བྱས་ཏེ་ད་ཆའི་བོད་ལྗོངས་དམངས་ཚོགས་དངོས་ལས་དོ་དམ་ཚད་ཡོད་ཀུང་སི་བཙུགས། ཀུང་སི་བཙུགས་ཚར་རྗེས་གྲོང་ཁྱེར་ཁུལ་གྱི་ཁང་པ་སྤོ་བ་དང་ཁྱིམ་ཚང་གི་གཙང་སྦྲ་བྱ་རྒྱུ་སོགས་འགན་གཙང་ལེན་པ་དང་ཆབས་ཅིག སྟོད་ལུང་བདེ་ཆེན་རྫོང་ཁོངས་གནས་ཆུང་གྲོང་རྡལ་དུ་བྱ་གསོ་དང་ཕག་གསོ་དེ་བཞིན་རྡོ་ར་སོགས་སྣེ་མང་གཉེར་སྐྱོང་ལས་ལ་ཞུགས་ཏེ་རང་གི་བློ་གྲོས་དང་སྙིང་སྟོབས་ལ་བརྟེན་ནས་ཁེ་ལས་སྟངས་འཛིན་གྱི་འཇོན་ནུས་ངོམས།

        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་ཁོང་གི་ཀུང་སིར་ལས་མི་27ཡོད་པ་དང་ལོར་ཡོང་འབབ་སྒོར་ཁྲི་110ཙམ་ཡོང་བ་ནས་རྒྱལ་ཁབ་ལ་བཅའ་ཁྲལ་སྒོར་ཁྲི་2.2ཙམ་ཕུལ་ཐུབ་ཀྱི་ཡོད་པ་རེད། ཁོང་རང་ཉིད་ཀྱང་སྤྱི་ལོ་2009ལོར་གཟི་བརྗིད་ལྡན་པའི་ངང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

        ཕྱུག་པོ་ཆགས་རྗེས་འབྱུང་རྩ་མི་བརྗེད་པར་གཞན་ཕན་བྱ་བར་དགའ་བས་འཇུག

        དེ་ལྟར་སྨིན་དྲུག་ལགས་ཀྱིས་རང་གི་འཇོན་ཐང་ལ་བརྟེན་ནས་གཙང་སྦྲའི་ལས་མི་ཞིག་ནས་ཀུང་སིའི་དབུ་འཛིན་དུ་གྱུར་རྗེས་རང་འཚོ་གནས་བྱེད་སའི་སྤྱི་ཚོགས་དང་རང་གི་རོགས་རམ་མཁོ་བའི་ཉེ་འཁོར་གྱི་མང་ཚོགས་ཉམས་ཞན་རྣམས་མི་བརྗེད་པར་དུས་དང་རྣམ་པ་ཀུན་ཏུ་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་སྤྱི་ལོ་2006ལོ་ནས་བཟུང་ཁོང་གིས་རང་གི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་གྲ་ནང་རྫོང་གྲ་ཕྱི་ཤང་ཨ་ཤོད་གྲོང་ཚོར་སྒོར་ཁྲི་8ཙམ་རི་བའི་གློག་སྒུལ་ཆུ་འཐེན་འཕྲུལ་འཁོར་ཞིག་ཞལ་འདེབས་ཕུལ་ནས་དེ་ཁུལ་མང་ཚོགས་ཀྱི་ཞིང་ཆུ་གཏོང་དཀའ་བའི་གནད་དོན་ཐག་གཅོད་གང་ལེགས་བྱས་པ་དང་། དེ་བཞིན་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་གྱི་གྲོང་ཚོ་དགུའི་ནང་ནས་འཚོ་བར་དཀའ་ངལ་ཆེ་བའི་དུད་ཁྱིམ་15ལ་འཚོ་བའི་འགྲོ་གྲོན་ལོ་རེར་སྒོར་ཆིག་ཁྲི་སྤྲོད་རྒྱུ་ཁས་བླངས་པ་དེ་ཁ་དན་ཚིག་གནས་ཐུབ་ནས་ད་བར་སྒོར་ཁྲི་75ཙམ་ཞལ་འདེབས་སུ་ཕུལ་བ་དང་ཆབས་ཅིག གནས་ཆུང་གྲོང་ཚོའི་སློབ་གྲྭར་ལོ་ལྟར་སྒོར་ཁྲི་3ཙམ་གྱི་དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པར་བསྡོམས་སྒོར་ཁྲི་15ཙམ་ཟིན་པ་དང་། སྤྱི་ལོ་2009ལོར་ཁོང་གིས་སྟོད་ལུང་བདེ་ཆེན་རྫོང་ཁོངས་ཀྱི་འཕྲོད་བསྟེན་ཁང་ཁག་གཅིག་ལ་སྒོར་ཁྲི་12ཙམ་རི་བའི་སྒྲིག་ཆས་ཞལ་འདེབས་ཕུལ་བ་རེད།

        དེ་བཞིན་སྨིན་དྲུག་ལགས་ཀྱིས་གནས་ཆུང་གྲོང་ཚོའི་མང་ཚོགས་ཀྱི་དཀའ་ངལ་དངོས་སེལ་ཕྱིར་མ་དངུལ་སྒོར་ཁྲི་4བཏང་ནས་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་སྤྱི་ལེ་གཉིས་ཙམ་བསྐྲུན་པ་མ་ཟད། ཁྲོན་པ་འདྲུ་བ་དང་གད་སྙིགས་གཙང་སེལ་བྱེད་རོགས་དང་། ད་དུང་སྟོན་བསྡུའི་ལས་བྲེལ་སྐབས་ལས་ནུས་མི་འདང་བའི་དུད་ཚང་ཁག་ལ་རོགས་རམ་བྱེད་པར་ངལ་རྩོལ་མི་གྲངས་100ཙམ་དང་རླངས་འཁོར་ཐེངས་30ཙམ་བཏང་བ་རེད།

        སྤྱི་ལོ་2007ལོར་གནས་ཆུང་གྲོང་ཚོའི་གྲོང་མི་དཔལ་འབར་སྦག་སྦག་གི་འགྲིམ་འགྲུལ་ལས་འཛོལ་ཞིག་ནང་རྨས་སྐྱོན་ཕོག་ནས་སྨན་ཁང་དུ་ལུས་ཀྱང་ཁྱིམ་ཚང་གི་དཔལ་འབྱོར་འཁོས་ཀ་ཞན་པའི་དབང་གིས་སྨན་རིན་སྤྲོད་རྒྱུ་མེད་པའི་གནས་ཚུལ་དེ་སྨིན་དྲུག་ལགས་ཀྱིས་ཤེས་རྗེས་དཔལ་འབར་ལ་སྨན་རིན་སྒོར་80000སྤྲོད་རོགས་བྱས་པ་མ་ཟད། ཁོ་པ་དྲག་སྐྱེད་བྱུང་རྗེས་ལས་ཀ་འཚོལ་རོགས་བྱས་ནས་ད་ཆ་དཔལ་འབར་ལ་ཟླ་རེར་གླ་ཕོགས་སྒོར་1000ཙམ་ལེན་རྒྱུ་ཡོད་པ་རེད། ཡང་ཐེངས་ཤིག་གྲོང་ཚོ་དེ་གའི་རྒན་མོ་སྒྲོལ་མ་ཚེ་རིང་ལ་ནད་གཞི་ལྗིད་པོ་ཕོག་ནས་སྨན་ཁང་དུ་ལུས་སྐབས་སྨིན་དྲུག་ལགས་ཀྱིས་སྨན་རིན་སྒོར་12000སྤྲོད་རོགས་བྱས་ནས་རྒན་མོའི་སེམས་ཁྲལ་སེལ་རོགས་བྱས་པ་རེད། འདི་དང་དེ་འདྲ་བའི་གཞན་ཕན་ལ་ལྷག་བསམ་དཀར་བའི་བྱ་སྤྱོད་ནི་ཁོང་གི་ལྷན་སྐྱེས་རང་གཤིས་སུ་མངོན་པས་སྤྱི་ཚོགས་དང་ཉེ་འཁོར་གྱི་མང་ཚོགས་ཚོའི་བསྔགས་བརྗོད་དང་ཡིད་རངས་ཐོབ།

        གནས་ཆུང་གྲོང་རྡལ་གྱི་དབུ་འཛིན་གཞོན་པ་དང་གནས་ཆུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བག་གྲོས་བཅར་འདྲི་དང་ལེན་བྱེད་སྐབས། སྨིན་དྲུག་ལགས་ཀྱི་སྣེ་ཁྲིད་འོག་བོད་ལྗོངས་དམངས་ཚོགས་དངོས་ལས་དོ་དམ་ཚད་ཡོད་ཀུང་སིས་སྤྱི་ལོ་2006ལོ་ནས་བཟུང་ངེད་གྲོང་རྡལ་གྱི་སློབ་གསོ་དང་། འཕྲོད་བསྟེན། འགྲིམ་འགྲུལ། དབུལ་སྐྱོར་སོགས་ཀྱི་ཐད་སེར་སྣ་བྲལ་བའི་རྒྱབ་སྐྱོར་ཤུགས་ཆེན་གནང་ནས་གནས་ཆུང་གྲོང་རྡལ་གྱི་སྤྱི་ཚོགས་བྱ་གཞག་ཁག་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་གང་ལེགས་གནང་བྱུང་ཞེས་ཤོད་ཀྱི་འདུག

        དེ་བཞིན་ཁོང་གིས་དུས་རྒྱུན་དངུལ་དང་དངོས་པོའི་ཐོག་ནས་རང་གི་ཉེ་འཁོར་གྱི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་བྱེད་པ་ཕུད་ས་གནས་ལ་ལས་ཞུགས་བྱེད་རོགས་ཧུར་ཐག་བྱས་ཏེ་ད་བར་གནས་ཆུང་གྲོང་རྡལ་ཁོངས་ཀྱི་གྲོང་མི་14ཙམ་གྱི་ལས་ཞུགས་ཐག་གཅོད་བྱས་པར་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།

        སྨིན་དྲུག་ལགས་ཀྱིས་བཤད་པ་ལྟར། ཀུང་སིར་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བརྒྱ་ལྷག་ཙམ་ཡོང་བ་ནས་སྤྱི་ཚོགས་དང་མི་སྒེར་ལ་ཞལ་འདེབས་ཕུལ་བ་དང་ཀུང་སིའི་ལས་བཟོར་གླ་ཕོགས་སྤྲད་པ་ཕུད་ཁོང་རང་ལ་ཡོང་འབབ་སྒོར་ཁྲི་10ཙམ་ལས་ལྷག་གི་མེད་རུང་། ཁོང་གིས་ཆུང་དུས་ཀྱི་རང་ཉིད་དང་འདྲ་བའི་རོགས་རམ་མཁོ་བའི་སྐྱེ་བོའི་ཚོགས་ལ་རོགས་རམ་བྱེད་གང་ཐུབ་བྱ་རྒྱུ་དེ་རང་གི་འགན་འཁྲི་ལྟ་བུར་བརྩི་བ་མ་ཟད། མི་སྒེར་ཞིག་གིས་སྤྱི་ཚོགས་ལ་སྒྲུབ་དགོས་ངེས་ཀྱི་ལས་འགན་ཞིག་ལ་བརྩི་ཡི་ཡོད་པ་ནི་ཤོད་མི་དགོས་པ་ཞིག་རེད། ཁོང་གིས་རང་ཉིད་ཀྱི་བྱ་གཞག་གསར་གཏོད་ཀྱི་ལམ་བུའི་ཐོག་དུས་དང་རྣམ་པ་ཀུན་ཏུ་གཞན་ཕན་གྱི་ལྷག་བསམ་དྲི་མ་མེད་པ་བཅངས་བ་ནི་རང་གི་མི་གཤིས་ལས་བཞུན་རྡར་ཐེངས་ཤིག་བྱས་པ་རང་རེད་ལ། གུང་ཁྲན་ཏང་ཡོན་ཞིག་དང་ཁེ་ལས་མཁས་ཅན་ཞིག་གི་ངོས་ནས་སྤྱི་ཚོགས་དང་མང་ཚོགས་ལ་བླ་ན་མེད་པའི་ཁས་ལེན་བྱས་པ་ཞིག་རང་ལགས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།