དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཆབ་མདོར་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་ལེན་མ་ལག་རགས་ཙམ་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ཆབ་མདོ་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཆབ་མདོ་ས་ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་ནས་ཤེས་རྟོགས་བྱུང་གསལ། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་ལེན་ལམ་ལུགས་ཀྱི་སྤྱི་ཡོངས་ཀྱི་སྒྲོམ་གཞིའི་མ་ལག་འོག་མིག་སྔར་ཆབ་མདོ་ས་ཁུལ་གྱིས་འགན་བཅོལ་རིགས་ཆེ་གྲས་ལྔ་དང་འགན་བཅོལ་རྣམ་གྲངས་བདུན་ཕྱོགས་ཡོངས་ནས་གཉེར་འགོ་བཙུགས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྤྱི་ཚོགས་འགན་བཅོལ་མ་ལག་རགས་ཙམ་བཙུགས་ཡོད་པ་རེད།

        2009ལོའི་ཟླ་བ་བཅུ་གཉིས་པར་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་ཚོད་ལྟའི་ལས་ཀ་བྱེད་འགོ་ཚུགས་ཚུན་ཆབ་མདོ་ས་ཁུལ་དེ་ཁག་གསུམ་ལ་བགོས་ཏེ་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་ལས་ཀ་བྱས་པ་དང་མིག་སྔར་རྫོང་11ལ་གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པ་ལག་ལེན་བསྟར་བ་དེ་ཐོག་ནས་ཆབ་མདོ་ས་ཁུལ་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིར་ཁྱབ་པའི་སྤྱི་ཚོགས་འགན་ལེན་ལམ་ལུགས་འཛུགས་པའི་དམིགས་ཚད་སྒྲུབ་པར་ཚད་བརྒལ་རང་བཞིན་གྱི་གོམ་སྟབས་ཤིག་སྤོས་པ་མཚོན་ཡོད། 2010ལོའི་ལོ་མཇུག་བར་ས་ཁུལ་དེ་ཡོངས་ཀྱི་ལོ་16ནས་59བར་སླེབས་པའི་མི་གྲངས་36206འགན་བཅོལ་ནང་བཞུག་རྒྱུའི་ཐོ་བཀོད་ཡོད་པ་དང་འགན་བཅོལ་འགྲོ་གྲོན་དངོས་སུ་འབུལ་མཁན་20776ཡོད་པ་དང་། རྒན་གསོའི་འགན་བཅོལ་འགྲོ་གྲོན་སྒོར་ཁྲི་227.1འབུལ་བ། གྲོང་གསེབ་ཀྱི་རྒན་གསོའི་འགན་བཅོལ་ལམ་ལུགས་གསར་པའི་ནང་བཞུགས་མཁན་10.75%ཟིན་པ་བཅས་བྱུང་ཡོད་ལ་འགྲོ་གྲོན་དངོས་སུ་འབུལ་ཚད་6.2%ཟིན་ཡོད་པ་རེད།

        མིག་སྔར་ཆབ་མདོ་ས་ཁུལ་དུ་ཚན་པ་123གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་པར་མི་གྲངས་6542ཟིན་པ་དང་ཁེ་ལས་ཁྲོད་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས་1913(བཀོད་སྒྲིག་བྱས་པའི་མི་གྲངས་1077དེ་ཚུད་མེད )ཟིན་པ། གཞི་རྩའི་རྒན་གསོའི་འགན་བཅོལ་འགྲོ་གྲོན་སྒོར་ཁྲི་2428བསྡུས་པ་དང་གཞི་རྩའི་རྒན་གསོའི་དངུལ་སྒོར་ཁྲི་3539བཏང་ཡོད། རྒན་གསོའི་དངུལ་གཏོང་ཚད་དང་སྤྱི་ཚོགས་ཅན་ལ་གཏོང་ཚད་གཉིས་ཀ་100%ཟིན་ནས་ཁེ་ལས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་རྒྱུ་འགན་ལེན་ཏན་ཏིག་བྱུང་ཡོད། 2010ལོར་ཆབ་མདོ་ས་ཁུལ་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་ལེན་ཅུས་ཀྱིས་ཁྱོན་བསྡོམས་ས་ཁུལ་དེ་ཡོངས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་བཟོ་པ་2144ལ་གཞི་རྩའི་རྒན་གསོའི་དངུལ་ཁྲི་88ལྷག་ཙམ་གསབ་སྤྲོད་བྱས་པ་དང་། 2010ལོའི་ལོ་འཁོར་གྱི་ལུས་པོ་བརྟག་དཔྱད་ཀྱི་འགྲོ་གྲོན་སྒོར་ཁྲི་56.13དོན་འཁྱོལ་བྱས་པ། ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དངུལ་སྒོར་128.64སྤྲད་པ་རེད།

        ཆབ་མདོ་ས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ། ཞིང་འབྲོག་ཁུལ་གྱི་མཉམ་ལས་སྨན་བཅོས་ལམ་ལུགས་བཅས་ལ་དུས་གཅིག་ཏུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཤིང་2010ལོའི་ཟླ་བ་བཅུ་པའི་ཟླ་མཇུག་བར་ས་ཁུལ་དེ་ཡོངས་སུ་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚན་པ་137དང་ལས་བཟོའི་མི་གྲངས་26011ཟིན་ཡོད་ལ། སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་ཁྲི་8450བསྡུས་པ་དང་སྒོར་ཁྲི་4116བཏང་བ་རེད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་ཚན་པ་134ཡོད་པར་མི་གྲངས་14840ཟིན་པ་དང་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་ཁྲི་100བསྡུས་པ་དང་སྒོར་ཁྲི་230བཏང་བ་རེད། མཉམ་ལས་སྨན་བཅོས་ནང་ཞུགས་མཁན་ཞིང་འབྲོག་ཁྲི་53.4ཟིན་པ་དེས་ས་ཁུལ་དེ་ཡོངས་ཀྱི་ཞིང་འབྲོག་མི་གྲངས་བསྡོམས་འབོར་གྱི་95.79%བཟུང་བ་དང་2010ལོར་ཁྱོན་བསྡོམས་སྨན་བཅོས་ཐེབས་རྩ་བསྡོམས་འབོར་སྒོར་ཁྲི་24ལྷག་ཙམ་བཏང་བ་རེད།

        དེ་དང་དུས་མཚུངས་ལས་རྨས་འགན་བཅོལ་དང། ལས་ཤོར་འགན་བཅོལ། བུ་བཙའི་འགན་བཅོལ་སོགས་སྤྱི་ཚོགས་འགན་བཅོལ་གྱི་ལས་ཀ་གོ་རིམ་ལྡན་པའི་ངང་བྱེད་ཐུབ་པ་བྱུང་ཞིང་ད་བར་ས་ཁུལ་དེ་ཡོངས་སུ་ལས་རྨས་འགན་བཅོལ་ནང་ཞུགས་མཁན་ཚན་པ་83ཡོད་པར་མི་གྲངས་9452ཟིན་པ་དང་། ལས་ཤོར་འགན་བཅོལ་ནང་ཞུགས་མཁན་ཚན་པ་167ཡོད་པར་མི་གྲངས་9750ཟིན་པ། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་ཚན་པ་124ཡོད་པར་མི་གྲངས་18420ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།