དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱིས་ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁྱབ་གདལ་བཏང་བའི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2015-05-15

        བོད་ལྗོངས་ཉིན་རེའི་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་3ཚེས་23ཉིན་གནས་ཚུལ་འབྱོར་གསལ། གསར་འགོད་པས་རང་སྐྱོང་ལྗོངས་ཚོང་དོན་ཐིང་ནས་ཤེས་རྟོགས་བྱུང་གསལ་ལྟར་ན། ད་ལོར་རང་ལྗོངས་ཀྱིས་ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁྱབ་གདལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཞིང་འབྲོག་ཁུལ་དུ་བཟའ་སྤྱོད་ཏེན་ཚྭའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ་ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁྱབ་ཚད་95%ཡན་ལོན་རྒྱུ་བརྩོན་ལེན་བྱ་རྒྱུ་རེད།

        རང་ལྗོངས་ནི་ཏེན་མི་འདང་བའི་གནོད་པ་ཚབས་ཆེ་བའི་ས་ཁུལ་ཡིན། སྔོན་ཆད་རྒྱ་ཆེའི་ཞིང་འབྲོག་པས་དུས་ཡུན་རིང་པོར་ཏེན་འདུས་ཚད་དམའ་ཙམ་གྱི་ཡུལ་ཚྭ་བཟས་པས་ས་གནས་དེ་གའི་མང་ཚོགས་ཀྱི་བདེ་ཐང་ལ་གནོད་སྐྱོན་ཕོག་གི་ཡོད། མི་དམངས་མང་ཚོགས་ཀྱིས་སྟབས་བདེ་དང་། གོང་ཁེ། བདེ་འཇགས་བཅས་ཀྱི་སྒོ་ནས་ཚད་ལྡན་གྱི་ཏེན་ཚྭ་བཟའ་ཐུབ་རྒྱུའི་འགན་ལེན་བྱེད་པ་དང་། ཏེན་མི་འདང་བའི་གནོད་པ་སེལ་བ། མི་འབོར་གྱི་བྱང་ཚད་སྒོ་ཀུན་ནས་མཐོ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་ཀྱིས་ཏེན་ཚྭ་ཁྱབ་གདལ་གཏོང་རྒྱུ་དེ་དམངས་ཕན་འདུ་འགོད་གལ་ཆེན་ཞིག་ཏུ་བརྩིས་ནས་ཏེན་ཚྭ་ཁྱབ་གདལ་དུ་གཏོང་བའི་འགན་འཁྲིའི་ལམ་ལུགས་རིམ་པ་བཞིན་དོན་འཁྱོལ་བྱས་ཏེ་ཏེན་ཚྭ་སྡེབ་སྐྱེལ་དྲ་བའི་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པས་ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁྱབ་ཚད་དེ་2005ལོའི་34%ནས་2010ལོའི་91.2%བར་འཕར་ཡོད་པ་རེད།

        རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་འགན་འཁུར་བས་ཞིང་འབྲོག་པའི་བཟའ་སྤྱོད་ཏེན་ཚྭའི་ནོར་སྲིད་གསབ་དངུལ་ནི་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བཏོན་པའི་དམངས་འཚོའི་སྲིད་ཇུས་གལ་ཆེན་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་དང་འགན་འཁུར་བ་དེས་ད་ལོར་རང་སྐྱོང་ལྗོངས་ཚོང་དོན་ཐིང་གིས་ཞིང་འབྲོག་ཁུལ་དུ་བཟའ་སྤྱོད་ཏེན་ཚྭའི་ཁ་གསབ་སྲིད་ཇུས་མུ་མཐུད་དོན་འཁྱོལ་བྱེད་པ་དང་། ཏེན་ཚྭ་ཁྱབ་གདལ་དུ་གཏོང་བའི་དམིགས་ཚད་འགན་འཁྲིའི་ལམ་ལུགས་རིམ་པ་བཞིན་དོན་འཁྱོལ་བྱེད་པ། ཏེན་ཚྭ་ཁྱབ་གདལ་དུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཞིང་འབྲོག་ཁུལ་དུ་ཏེན་ཚྭ་ཁྱབ་ཚད་95%ཡན་ལོན་རྒྱུ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།