དབུ་ཤོག>གསར་འགྱུར།>དམངས་འཚོ།
  • དབང་པོ་སྐྱོན་ཅན་ལ་གཅེས་སེམས་འཆང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     སྤེལ་དུས།  2015-05-15

        “དབང་པོ་སྐྱོན་ཅན་ནི་སྤྱི་ཚོགས་ཧྲིལ་པོས་དོ་ཁུར་དང་རོགས་རམ་བྱེད་དགོས་པའི་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱི་ཞིག་ཡིན། ཁོང་ཚོར་སྤྱིར་བཏང་གི་མི་དང་གཅིག་མཚུངས་ཀྱི་སྤྱི་ཚོགས་ཀྱི་འཚོ་བའི་ནང་འདྲ་མཉམ་ངང་ཞུགས་པ་དང་སྤྱི་ཚོགས་ཀྱི་དངོས་པོ་དང་རིག་གནས་ཀྱི་གྲུབ་འབྲས་ཐུན་མོང་ཐོག་སྤྱོད་དབང་ལྡན་དགོས ”ཞེས་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བས་བཤད། མིག་སྔའི་བར་ལྷ་ས་གྲོང་ཁྱེར་གྱི་རིགས་ཁག་གི་དབང་པོ་སྐྱོན་ཅན་ཁྲི་3.6ཙམ་ཟིན་པ་དེས་གྲོང་ཁྱེར་དེ་ཡོངས་ཀྱི་སྤྱིའི་མི་འབོར་གྱི་8.05%བཟུང་ཡོད། “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ལྷ་ས་གྲོང་ཁྱེར་གྱི་དབང་པོ་སྐྱོན་ཅན་གྱི་བྱ་གཞག་གོང་འཕེལ་འགྲོ་བའི་འཆར་འགོད་ཀྱི་གཙོ་གནད་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་རྣམ་གྲངས་7ཡོད་པར་ཁྱོན་མ་འཇོག་སྒོར་ཁྲི་11350ཟིན་ཡོད་པ་རེད།

        དབང་པོ་སྐྱོན་ཅན་རྣམས་སྒོ་ཀུན་ནས་གོང་འཕེལ་ཡོང་བ་བྱེད་པ།

        སྐར་མ་དགོན་གསར་སྡེ་ཁུལ་དུ་སྡོད་མཁན་རྒན་རྒོན་མིག་དམར་ལོ་ན་མཐོ་བ་དང་དབང་པོ་སྐྱོན་ཅན་ཡིན་པས་ལྷ་ས་བཪྙན་འཕྲིན་ལས་ཁུངས་ཀྱི་ཁ་སྤྲོད་དུ་ལྷམ་གདན་བཙེམ་ནས་ཡོང་འབབ་གསོག་ཐབས་བྱེད་བཞིན་ཡོད། ལོ་དེ་དག་ནང་རང་ཉིད་ལ་བྱུང་བའི་འཕོ་འགྱུར་གླེང་སྐབས་རྒན་རྒོན་གྱིས “ཉིན་ལྟར་ལྷམ་གདན་ཉོ་བར་ཡོང་མཁན་མང་པོ་ཡོད་པ་དང་ཉོ་མཁན་དེ་དག་གིས་ལྷམ་གདན་རང་ཉིད་ཀྱིས་སྤྱོད་པ་ཕུད་ད་དུང་ལྷམ་གདན་ལག་རྟགས་བྱས་ནས་ནང་མི་དང་གྲོགས་པོར་སྤྲོད་ཀྱི་འདུག ”འབྱུང་འགྱུར་གྱི་འཆར་གཞི་འགོད་རྒྱུའི་ཐད་རྒན་རྒོན་མིག་དམར་ལ་སེམས་ཤུགས་ཀྱིས་ཁེངས་བཞིན་དུ “རང་ཉིད་ལ་སྲིད་གཞུང་གིས་གནང་བའི་དབང་པོ་སྐྱོན་ཅན་གྱི་ཁ་གསབ་དངུལ་ཡོད་ལ་རང་ཉིད་ཀྱི་ལག་ཤེས་ལ་བརྟེན་ནས་ཡོང་འབབ་བསགས་ཐུབ་པ་དང་ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་པ་དང་ལྷ་ས་གྲོང་ཁྱེར་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་སྐར་མ་དགོན་གསར་སྡེ་ཁུལ་གྱི་རོགས་རམ་འོག་ཟླ་རེར་ལྷམ་གདན་བཙོང་ནས་ཡོང་འབབ་བརྟན་པོ་ཡོད་པས་ནད་བལྟ་བ་དང་ལྟོ་གོས་ཐད་སེམས་ཁྲལ་མིན་འདུག སྲིད་གཞུང་སྡེ་ཚན་གྱིས་དབང་པོ་སྐྱོན་ཅན་ལ་སེམས་ཁུར་དང་རོགས་རམ་གནང་བར་རང་ཉིད་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྲིད་ཇུས་བཟང་པོར་བརྟེན་ནས་རང་ཉིད་ཀྱི་འཚོ་བ་སྔར་བས་ལེགས་སུ་འགྲོ་རྒྱུར་ཡིད་ཆེས་ཆེན་པོ་ཡོད ”ཅེས་བཤད།

        ཉི་འོད་ཕྱོགས་རིས་མེད་པར་འཕྲོ་ཐུབ་པ་བྱེད་པ།

        “ཉེ་བའི་ལོ་ཤས་རིང་སྡེ་ཁུལ་ཟམ་མི་ཆད་པར་གོང་འཕེལ་འགྲོ་བ་དང་བསྟུན་ནས་ཡོང་འབབ་དམའ་བའི་ཁྱིམ་ཚང་ཁག་གཅིག་གཅིག་སྡུད་བྱས་ཡོད་པའི་ནང་དབང་པོ་སྐྱོན་ཅན་གྱི་ཁྱིམ་ཚང་ཁག་གཅིག་ཀྱང་ཚུད་ཡོད ”ཁྲེང་ཀོན་ཆུས་གྲ་བཞི་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅིས “ང་ཚོའི་སྡེ་ཁུལ་གྱིས་དབང་པོ་སྐྱོན་ཅན་གྱི་གནས་ཚུལ་རྟོགས་ཐུབ་པ་བྱ་ཆེད་རྟག་ཏུ་ལས་མཚམས་བཞག་རྗེས་ཁང་པ་སྟར་པ་རེ་རེ་བཞིན་དུ་བསྐྱོད་དེ་བུ་ཕྲུག་མེད་པ་དང་། དཔལ་འབྱོར་གྱི་ཡོང་ཁུངས་མེད་པ། དབང་པོར་སྐྱོན་ཚབས་ཆེ་བའི་མི་སྣ་བཅས་ཤེས་རྟོགས་ཐུབ་འཕྲལ་རོགས་སྐྱོར་བྱ་ཡུལ་དུ་བརྩིས་ནས་སྡེ་ཁུལ་ལས་བྱེད་པས་དུས་བཀག་ཐོག་འཚམས་འདྲི་བྱེད་པར་བསྐྱོད་ཀྱི་ཡོད ”ཅེས་བཤད།

        “ལོ་ལྔ་ཚན་བཅུ་གཉིས་པའི་རིང ”ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་ཁེ་དབང་སྲུང་སྐྱོང་གི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་མ་ཟད་ཁྲིམས་འཛིན་སོགས་སྡེ་ཚན་དང་མཐུན་སྦྱོར་ཡོང་བ་བྱས་ནས་གཞི་རིམ་གྱི་དབང་པོ་སྐྱོན་ཅན་ལ་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲཌ་ཀྱི་གསོ་སྦྱོང་དང་དབང་པོ་སྐྱོན་ཅན་ལ་གཅེས་སེམས་འཆང་བའི་བཅའ་ཁྲིམས་ཀྱི་རོགས་སྐྱོར་ལས་གནས་བཙུགས་ཏེ་ལས་དོན་བསྒྲུབ་རྒྱུ་རེད།

        དབང་པོ་སྐྱོན་ཅན་རྣམས་འབད་བརྩོན་ལྷོད་མེད་བྱེད་དུ་འཇུག་པ།

        ལྷ་ས་འཇའ་ཚོན་ཆུ་མིག་ཕན་བདེ་མི་རིགས་ལག་ཤེས་བཟོ་ལས་ཚད་ཡོད་ཀུང་སིར་ལས་ཀ་བྱེད་བཞིན་ཡོད་པའི་སྒྲོལ་མས་རང་ཉིད་ཀྱི་ལས་ཞུགས་ཉམས་མྱོང་དེ “འབད་བརྩོན་ལྷོད་མེད ”ཅེས་པའི་ཡིག་འབྲུ་འགའ་ལས་མཚོན་པར་བྱས་ཡོད། བཅར་འདྲི་བྱེད་རིང་སྒྲོལ་མས་རང་ཉིད་ལོ་35ལ་སླེབས་པ་དང་སྔོན་ཆད་བློས་གཏོང་བྱས་པ་རྣམས་ཆུད་ཟོས་སུ་ཕྱིན་མིན་འདུག་བསམ་གྱི་འདུག གང་ལགས་ཤེ་ན་སྤྱིར་བཏང་གི་མིས་སྒྲུབ་མི་ཐུབ་པའི་བྱ་བ་དེ་དག་དབང་པོ་སྐྱོན་ཅན་གྱིས་བསྒྲུབས་ཐུབ་པ་བྱུང་ཡོད། གཞོན་ནུའི་དུས་སུ་རྟག་ཏུ་ཉེ་འཁོར་གྱི་དབང་པོ་སྐྱོན་ཅན་གང་མང་ཞིག་ལས་ཞུགས་ཐུབ་མེད་པའི་དབང་གིས་འཚོ་བ་འགན་ལེན་མེད་པར་བརྟེན་གཞན་གྱིས་མཐོང་ཆུང་ཚད་མེད་བྱས་པ་མཐོང་མྱོང་ཡོད། རང་ཉིད་ཀྱིས་དབང་པོ་སྐྱོན་ཅན་ལ་སྤྱིར་བཏང་གི་མི་དང་འདྲ་བའི་རང་རང་གི་མི་གཤིས་དང་ལ་རྒྱ་ལྡན་དགོས་པའི་ངོས་འཛིན་བྱས་པ་ལྟར་རང་གིས་རང་ལ་སྒུག་བརྟེན་མི་བྱེད་པར་ངེས་པར་དུ་རང་ཉིད་དང་འཚམས་པའི་འཚོ་གནས་བྱ་ཐབས་ཤིག་འཚོལ་ཐུབ་པ་བྱེད་དགོས་པའི་སྐུལ་མ་གཏོང་གི་ཡོད་ཅེས་བཤད། 2007ལོའི་ཟླ་6པར་སྒྲོལ་མས་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ནས་མཐར་འཇའ་ཚོན་ཆུ་མིག་ཕན་བདེ་མི་རིགས་ལག་ཤེས་བཟོ་ལས་ཚད་ཡོད་ཀུང་སིར་ཚུད་དེ་གསོ་སྦྱོང་བྱས་པ་བརྒྱུད་འཁོར་ཁང་ནང་གི་ལམ་ལུགས་ཁག་དང་དོ་དམ་བྱ་ཐབས་ཁག་དང་གང་མགྱོགས་འཚམས་ཐུབ་པ་བྱུང་ཡོད་ཅིང་། ད་ཆ་སྒྲོལ་མ་ཀུང་སིའི་འཚེམས་བཟོ་ཚོགས་ཆུང་གི་སྣེ་ཁྲིད་པར་གྱུར་ཡོད་པ་རེད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ལྷ་ས་གྲོང་ཁྱེར་གྱིས་དུས་བབ་གསར་པའི་འོག་དབང་པོ་སྐྱོན་ཅན་ལས་ཞུགས་ཀྱི་ཐབས་ལམ་དང་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱས་ནས་དབང་པོ་སྐྱོན་ཅན་ལས་ཞུགས་ཐུབ་ཚད་མཐོ་རུ་བཏང་སྟེ་དབང་པོ་སྐྱོན་ཅན་གྱི་མ་མཐའི་འཚོ་བ་རྩ་བའི་ཆར་འགན་ལེན་ཐུབ་པ་བྱ་རྒྱུ་རེད། སྟབས་བསྟུན་གྱི་ལས་ཞུགས་སྲིད་ཇུས་ལག་བསྟར་བྱས་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕན་བདེའི་ཁེ་ལས་གོང་འཕེལ་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ཐོག་དབང་པོ་སྐྱོན་ཅན་གཅིག་སྡུད་བཀོད་སྒྲིག་གི་ལས་དོན་ཡག་པོ་བསྒྲུབ་པ་མ་ཟད་ཕན་བདེའི་ཁེ་ལས་ལ་རྒྱལ་ཁབ་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་འཐུས་ཚང་ངང་དོན་འཁྱོལ་ཡོང་བ་བྱ་རྒྱུ་རེད།

        “ལོ་ལྔ་ཚན་བཅུ་གཉིས་པའི ”རིང་ལྷ་ས་གྲོང་ཁྱེར་གྱིས་དབང་པོ་སྐྱོན་ཅན་གྱི་སྤྱི་པའི་ཞབས་ཞུའི་སྲིད་ཇུས་གཙོ་གནད་འཐུས་སྒོ་ཚང་དུ་བཏང་ནས་ཞབས་ཞུའི་སྒྲིག་གཞི་དང་། ཞབས་ཞུའི་སྒྲིག་བཀོད། ཞབས་འདེགས་ཞུ་ནུས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་གྲོང་གསེབ་ཀྱི་འགན་ལེན་ལྔའི་བསྙེན་བཀུར་དུད་ཚང་སོགས་ཀྱི་འཚོ་བའི་རོགས་སྐྱོབ་སྲིད་ཇུས་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་ཆ་རྐྱེན་དང་མཐུན་པའི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་ལ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་དང་འབྲེལ་ཡོད་འཚོ་བའི་རོགས་སྐྱོབ་ཐོབ་ཐང་ལོངས་སུ་སྤྱོད་ཐུབ་རྒྱུའི་འགན་ལེན་བྱས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་དབང་པོ་སྐྱོན་ཅན་ལས་བཟོ་གཏན་འབེབས་ལ་གཞིགས་ནས་གཞི་རྩའི་རྒན་གསོ་དང་། ལས་ཤོར། སྨན་བཅོས། ལས་རྨས། བུ་བཙའ་སོགས་ཀྱི་འགན་བཅོལ་ནང་ཞུགས་རྒྱུའི་འགན་ལེན་བྱ་རྒྱུ། མ་མཐའི་འཚོ་བའི་འགན་ལེན་གྱི་ཐོབ་ཐང་ལོངས་སྤྱོད་བྱས་རྗེས་ཀྱི་འཚོ་བར་སྔར་བཞིན་དཀའ་ངལ་ཡོད་པའི་དབང་པོར་སྐྱོན་ཚབས་ཆེ་བ་དང་། དུད་ཚང་གཅིག་ནང་དབང་པོ་སྐྱོན་ཅན་མང་བ། རྒན་རྒོན་དབང་པོ་སྐྱོན་ཅན་ཡིན་པ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་དམིགས་བསལ་རོགས་སྐྱོབ་སོགས་བྱ་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།