བོད་ ལྗོངས་ ཉིན་ རེའི་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མི་རིང་བའི་གོང་ས་སྐྱ་རྫོང་ཁོངས་བཀྲ་ཤིས་སྒང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོས་མང་ཚོགས་སྐུལ་སློང་དང་གོང་རིམ་ལ་སྙན་སེང་རྒྱབ་སྐྱོར་ཡོང་རེ་ཞུས་རྗེས་གཡའ་ལུང་གཙང་པོའི་བརྒྱུད་དུ་ཆུ་རགས་བརྒྱབ་སྟེ་ཞིང་ལས་ཐོན་སྐྱེད་ལ་གནོད་འཚེ་མི་ཡོང་བ་དང་མང་ཚོགས་ཀྱི་སྡོད་ཁང་ལ་འཇིགས་ཉེན་མི་ཡོང་བ་བྱས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བཀྲ་ཤིས་སྒང་གྲོང་ཚོས་དེ་སྔ་ཆུས་ས་ཞིང་འབོར་ཆེན་བསྣུབས་པའི་བསླབ་བྱ་དང་ལེན་བྱས་ཏེ་མི་ཤུགས་དང་དངོས་ཤུགས་གྲ་སྒྲིག་ལེགས་པོ་བྱས་པ་དང་སྦྲགས་གྲོང་ཚོའི་འགོ་ཁྲིད་ཀྱིས་འགན་ནུས་གང་ལེགས་བཏོན་ནས་ཆུ་ཉེན་ཁུལ་དུ་སྤྱིའི་རིང་ཚད་སྤྱི་ལེ་2.97ཡོད་པའི་ཆུ་རགས་བརྒྱབ་ནས་དབྱར་དུས་ཀྱི་ཆུ་ཉེན་སེལ་ཡོད་པ་རེད། དེ་བཞིན་ཆུ་རགས་རྒྱག་པའི་ལས་གྲྭའི་ནང་མང་ཚོགས་སེམས་ཤུགས་ཆེན་པོ་ཡོད་པའི་རྒྱུ་མཚན་ནི་རྫོང་དེའི་ཆུ་བེད་ཅུས་ཀྱིས་དུས་ཐོག་ཏུ་ལག་རྩལ་མི་སྣ་བཀོད་སྒྲིག་དང་། ལས་ཀར་མཛུབ་ཁྲིད་ནན་ཏན་བྱས་པས་ཡིན་ལ་དེ་བཞིན་ཤང་ཨུད་དང་ཤང་མི་དམངས་སྲིད་གཞུང་གིས་ཀྱང་ལས་གྲྭར་ཐད་ཀའི་མཛུབ་སྟོན་གང་ལེགས་བྱས་པས་ཡིན་པ་རེད།