དབུ་ཤོག>གསར་འགྱུར།
  • ​ ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་མཐའ་འཁྱོངས་དང་ཀུན་སེམས་གཅིག་སྒྲིལ་གྱིས་རང་བྱུང་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས།ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་མཐའ་འཁྱོངས་དང་ཀུན་སེམས་གཅིག་སྒྲིལ་གྱིས་རང་བྱུང་གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་པ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-13

    ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ནས་རང་ལྗོངས་ཀྱི་གཞིས་རྩེ་དང་མངའ་རིས་སོགས་ས་ཁུལ་དུ་ཤུགས་རྐྱེན་ཚབས་ཆེན་ཐེབས་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་དེ་མ་ཉིད་དུ་ས་ཡོམ་གྱི་གནོད་འཚེའི་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་བ་དང་། དེ་མ་ཉིད་དུ་སྤྱི་ཚོགས་ལས་རིགས་ཁག་གི་སྟོབས་ཤུགས་གཅིག་སྒྲིལ་བྱེད་པ། དེ་མ་ཉིད་དུ་ལས་དོན་ཚོགས་ཆུང་གནོད་འཚེའི་ཁུལ་གྱི་འཐབ་ཕྱོགས་དང་པོར་གེགས་སེལ་ལ་མཛུབ་ཁྲིད་དང་རོགས་རམ་བྱེད་པར་མངགས་པ། དེ་མ་ཉིད་དུ་འགྲོ་ལམ་དང་། འཕྲིན་གཏོང་། ཆུ་དང་གློག་མཁོ་འདོན་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་མྱུར་བཟོ་བྱེད་པ། དེ་མ་ཉིད་དུ་མང་ཚོགས་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་ཏེ་དེ་མ་ཉིད་དུ་གེགས་སེལ་དངོས་རྫས་འགུག་འདྲེན་བྱེད་པ་སོགས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་མཐུན་སྦྱོར་མཉམ་འགུལ་དང་ཀུན་སེམས་གཅིག་སྒྲིལ་བྱས་ཏེ“དེ་མ་ཉིད་དུ”བྱ་སྤྱོད་སྤེལ་བའི་ཐོག་ནས་ཡོམ་འགོག་སེལ་ལ་དུས་རིམ་རང་བཞིན་གྱི་རྒྱལ་ཁ་ལེན་པའི་་མཉམ་ཤུགས་ཧ་ཅང་ཆེན་པོ་ཞིག་གཅིག་ཏུ་སྒྲིལ་ཡོད།

    ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་ནང་རང་ལྗོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་དང་། གཞོགས་འདེགས་དམ་ཟབ། ཀུན་སེམས་གཅིག་སྒྲིལ་བཅས་ཀྱི་ཡོམ་འགོག་གེགས་སེལ་ལ་ཁས་ལེན་གང་ལེགས་གནང་ཡོད། གློ་བུར་དུ་བྱུང་བའི་རང་བྱུང་གནོད་འཚེའི་མདུན་དུ་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་་ཡོམ་འགོག་གེགས་སེལ་གྱི་འཐབ་ཕྱོགས་དང་པོར་བསྐྱོད་ནས་འབད་འཐབ་བྱེད་པ་དང་། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། མཐའ་སྲུང་མེ་ཟོན་དཔོན་དམག་བཅས་ཀྱིས་མྱུར་དུ་བྱ་སྤྱོད་སྤེལ་བ་དང་སྲོག་ཉེན་ལ་མི་བལྟོས་པར་ཉེན་འགོག་གེགས་སེལ་གྱི་གཙོ་ཤུགས་དམག་ཏུ་འགྱུར་པ། སྤྱི་ཚོགས་ལས་རིགས་ཁག་གིས་ཛ་དྲག་ངང་སྐུལ་སློང་བྱས་ཏེ་གནོད་འཚེ་བྱུང་བའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ། གནོད་འཚེ་བྱུང་ཁུལ་མི་དམངས་ཀྱིས་སྲུང་རོགས་ལྟ་རོགས་བྱས་ནས་འགག་སྒྲོལ་དཀའ་སྒྲོལ་བྱས་ཡོད། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་དཔུང་པ་མཉམ་གཤིབ་དང་། བློ་གཅིག་སེམས་གཅིག གིས་མཉམ་དུ་བྱ་སྤྱོད་སྤེལ་བ། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཉམ་ཤུགས་ཆགས་པ་བྱེད་པ་བཅས་ལ་བརྟེན་དུས་ཐུང་ནང་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཆེན་པོ་ཐོབ་ཡོད། མིག་སྔར་རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་བར་བརྒལ་བཀོད་སྒྲིག་དང་གནོད་འཚེ་བྱུང་རྗེས་ཀྱི་བསྐྱར་སྐྲུན་ལས་དོན་གྱི་དུས་བབ་སྔར་བཞིན་ཛ་དྲག་པ་དང་ལས་འགན་ལྕི་ཞིང་དཀའ་ཚེགས་ཆེན་པོ་ཡོད། དཀའ་ངལ་དེ་ལྟ་བུའི་འོག་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱི་ཕྱར་བ་གྲུ་འདེགས་ཀྱིས་སྟོབས་ཤུགས་དེ་བས་ཆེ་རུ་གཏོང་བ་དང་དཀའ་ངལ་ཇི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་དུ་སྐྱོད་པའི་སེམས་ཤུགས་དེ་བས་འཕེལ་བ་བྱེད་དགོས།

    གནོད་འཚེ་ལས་རྣམ་པར་རྒྱལ་བའི་མཉམ་ཤུགས་ཆེན་པོ་དེ་ནི་བསམ་བློའི་ངོས་འཛིན་གཅིག་གྱུར་ལས་བྱུང་ཡོད། ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེའི་དགོངས་དོན་ཐོག་གཅིག་གྱུར་དང་ཡོམ་འགོག་གེགས་སེལ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་དེ་དོན་ཆེན་ཨང་དང་པོ་དང་ཆབ་སྲིད་ལས་འགན་ཨང་དང་པོར་བརྩིས་ནས་འགན་འཁྲི་སྔར་བས་གསལ་པོ་བཟོ་བ་དང་། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། གཅིག་གྱུར་བཀོད་འདོམས་བྱེད་པ། ཕྱོགས་ཁག་གི་སྟོབས་ཤུགས་སྤྱི་འདོམས་བྱེད་པ། ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་དང་འགག་སྒྲོལ་དཀའ་སེལ་མཐའ་འཁྱོངས་བཅས་བྱས་ནས་མུ་མཐུད་ནུས་པ་དང་། གོ་རིམ། ཕན་འབྲས་བཅས་ལྡན་པའི་སྒོ་ནས་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག བསྐྱར་སྐྲུན་ལས་དོན་བཅས་ལ་སྐུལ་མ་གཏོང་དགོས།

    རིམ་ཁག་ཏང་སྲིད་འགོ་ཁྲིད་ཀྱིས་འཐབ་ཕྱོགས་དང་པོར་བསྐྱོད་ནས་ཚན་རིག་དང་མཐུན་པའི་བཀོད་གཏོང་དང་མཛུབ་ཁྲིད་ལྟ་སྐུལ་བྱེད་པ་དང་། རིམ་པ་ཁག་དང་སྡེ་ཚན་ཁག་གིས་བཀོད་འདོམས་ཉན་པ་དང་ནུས་ཤུགས་ཡོད་རྒུས་མཉམ་ལས་བྱས་ཏེ་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ་སྟོང་ཆ་མི་ལུས་པ་དང་ཁུག་ཆ་མ་ལུས་པ་བྱས་ཏེ་ཆད་ལུས་དང་ནོར་འཛོལ་མི་ཐོན་པ་བྱེད་དགོས།

    རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ནི་ཡོམ་འགོག་གེགས་སེལ་གྱི“བློ་གཏད་ཡུལ”ཡིན་པས་ཏང་ཡོན་གཅིག་ནི“དར་ཆ”གཅིག་ལྟར་རེད། ཡོམ་འགོག་གེགས་སེལ་ནི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ལས་བྱེད་པར་སྦྱོང་བརྡར་དང་ཚོད་བགམ་ཐེངས་གཅིག་བྱས་པ་ཞིག་ཡིན་པས་རིམ་ཁག་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་མི་སེམས་གཅིག་ཏུ་སྒྲིལ་བ་དང་། དཔའ་སེམས་ལ་སྐུལ་མ་གཏོང་བ། མང་ཚོགས་སྒྲིག་འཛུགས་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་རྒྱ་ཆེའི་ཏང་ཡོན་གྱིས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས”ཀྱི་སྙིང་སྟོབས། ཅའོ་ཡུས་ལུའུ་ཡི་སྙིང་སྟོབས། ཁུང་ཕན་སེན་གྱི་སྙིང་སྟོབས། ཀུའུ་ཝུན་ཁྲང་གི་སྙིང་སྟོབས་བཅས་དར་སྤེལ་བཏང་ནས་གཡུལ་ས་མདུན་མར་སྐྱོད་པ་དང་གཡུལ་ས་མདུན་མར་འབད་འཐབ་བྱས་ཏེ་གང་དུ་གནོད་འཚེའི་གནས་ཚུལ་ཡོད་པ་དང་། གང་དུ་གནོད་ཚབས་ཆེ་ཤོས་ཡིན་པ། གང་དུ་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་ཡིན་པ་བཅས་སུ་ཏང་ཡོན་དེ་གར་ཐོན་ཐུབ་པ་དང་དེ་གར་དམག་འཐབ་བྱེད་དགོས།

    མི་དམངས་དམག་དཔུང་གིས་མི་དམངས་ལ་གཅེས། མི་དམངས་དམག་དཔུང་ལ་མི་དམངས་ཀྱིས་གཅེས། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔོན་དམག་ནི་སྔ་ཕྱི་བར་གསུམ་དུ་ཡོམ་འགོག་གེགས་སེལ་གྱི་གཙོ་ཤུགས་དམག་རེད། གོམ་སྟབས་རྗེས་མའི་ལས་འགན་ནང་མི་དམངས་དམག་དཔུང་གིས་ཏང་གི་བཀོད་འདོམས་ལ་ཉན་པ་དང་། འཐབ་ན་རྒྱལ་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་བ་དང་། དཀའ་ངལ་ལ་མི་སྐྲག་པ་དང་ཉིན་མཚན་དབྱེར་མེད། བསྟུད་མར་འབད་འཐབ་བྱེད་པ་བཅས་ཀྱི་སྤྱོད་ཚུལ་དར་སྤེལ་གཏོང་བ། མུ་མཐུད་ཡོམ་འགོག་གེགས་སེལ་གྱི་གདོང་ལེན་རུ་ཁག་དང་གཙོ་ཤུགས་དམག་ལེགས་པར་བྱས་ནས་མི་དམངས་བུ་ཕྲུག་དམག་གིས་གནོད་འཚེ་ཕོག་ཁུལ་གྱི་མི་དམངས་དང་གཅིག་སེམས་གཅིག་སྒྲིལ་དང་། མཐུན་སྒྲིལ་འབད་འཐབ། འགག་སྒྲོལ་དཀའ་སེལ་བཅས་བྱེད་པའི་ངོ་མཚར་གྱི་ལེའུ་མུ་མཐུད་རྩོམ་དགོས།

    ཡོམ་འགོག་གེགས་སེལ་ནི་ལས་བྱེད་པའི་སྤྱོད་ཚུལ་དང་ལས་ཀའི་ནུས་པར་ཞིབ་བཤེར་བྱེད་པའི་རྡོ་ཀ་ཤུ་ཀ་ལྟར་རེད། གནོད་འཚེ་ཕོག་ཁུལ་གྱི་གྲོང་ཚོ་དང་དགོན་སྡེར་བཅའ་སྡོད་རྒྱ་ཆེའི་ལས་བྱེད་པ་དང་གཉིས་ལྡན་དུད་སྦྲེལ་གྱི་སྤྱི་མིས་ང་ཚོའི་ཏང་གི“སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི”སྲིད་སྐྱོང་འདུ་ཤེས་ལག་བསྟར་ཡག་པོ་བྱས་ནས་དཀའ་ཉེན་ལ་མི་སྐྲག་པ་དང་ལས་འགན་ལྕི་པོ་ཁུར་ཕོད་པ་བྱས་ཏེ་སྣེ་ཁྲིད་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ཐོག་མང་ཚོགས་ལ་བརྟེན་པ་དང་། མང་ཚོགས་སྐུལ་སློང་། མང་ཚོགས་དྲིལ་བསྒྲགས་བྱེད་པ། མང་ཚོགས་སྒྲིག་འཛུགས་བཅས་བྱས་ཏེ་ཕྱོགས་གཅིག་ནས་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བཅས་དམ་འཛིན་དང་ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་སླར་གསོ་དང་འཕེལ་རྒྱས་དང་བརྟན་ལྷིང་དམ་འཛིན་བྱས་ཏེ་གནོད་འཚེ་ཕོག་ཁུལ་གྱི་མང་ཚོགས་ཚོའི་གདེང་ཚོད་ཆེ་རུ་འགྲོ་བ་དང་དཀའ་ངལ་ལས་རྣམ་པར་རྒྱལ་བ་བྱ་རྒྱུའི་ཁྲིད་སྟོན་བྱེད་དགོས།

    མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་མཐུན་སྒྲིལ་བྱས་ཚེ་ཕྱོགས་གང་དུ་སྐྱོད་ཀྱང་རྒྱལ་ཁ་མི་ཐོབ་པ་མེད། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་སྣེ་ཁྲིད་བྱས་ནས་མུ་མཐུད་ཏང་སྲིད་དམག་ཉེན་དམངས་ཀྱི་མཐུན་སྦྱོར་མཉམ་འགུལ་དང་ཕྱར་བ་གྲུ་འདེགས་བྱས་ཚེ་ང་ཚོས་ཕྱོགས་གང་ཅིའི་ཐད་ཀྱི་སྟོབས་ཤུགས་སྐུལ་སློང་བྱེད་ཐུབ་པ་དང་ཡོམ་འགོག་གེགས་སེལ་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཐུབ་པ་བྱུང་ནས་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག གནོད་འཚེའི་རྗེས་ཀྱི་བསྐྱར་སྐྲུན་བཅས་ལ་སྒོ་ཀུན་ནས་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།