དབུ་ཤོག>གསར་འགྱུར།
  • དབྱར་རྩྭ་དགུན་འབུའི་རིན་གོང་མར་ཆག་སྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།   |     སྤེལ་དུས།  2015-05-11

    ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཉིན་འདི་འགར་བོད་ཀྱི་ས་ཆ་ཕལ་མོ་ཆེ་དབྱར་རྩྭ་དགུན་འབུ་བརྐོ་བའི་དུས་ཚིགས་སུ་སླེབས་པ་དང་བསྟུན། དབྱར་རྩྭ་དགུན་འབུའི་རིན་གོང་ཡང་མི་མང་པོས་དོ་ཁུར་བྱེད་པའི་གནས་ཤིག་ཏུ་གྱུར་འདུག

    གསར་འགོད་པས་དབྱར་རྩྭ་དགུན་འབུའི་ཚོང་གཉེར་བ་སོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་དབྱར་རྩྭ་དགུན་འབུའི་རིན་གོང་ཅུང་མར་ཆག་སྲིད་པའི་ཚོད་བགམ་བྱེད་ཀྱི་ཡོད་ལ། ལྷག་པར་དུ་དབྱར་རྩྭ་དགུན་འབུ་ཆུང་བ་དང་འབྲིང་པའི་རིགས་ཀྱི་གོང་ཆག་སྲིད་ཅེས་བཤད་ཀྱིན་འདུག

    བོད་རང་སྐྱོང་ལྗོངས་དབྱར་རྩྭ་དགུན་འབུའི་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་ཀྲའོ་ཅན་ཕིང་གིས་ངོ་སྤྲོད་གནང་བ་ལྟར་ན། ད་ལོའི་བོད་ལྗོངས་ཀྱི་དབྱར་རྩྭ་དགུན་འབུའི་ཐོན་ཚད་ན་ནིང་ལས་ཉུང་མི་སྲིད་པ་དང་། དེའི་ཁར་ཚོང་ར་དབྱར་རྩྭ་དགུན་འབུ་མ་ཚོང་བ་ངེས་ཅན་ཞིག་ལྷག་ཡོད་པས་ཚོང་རའི་མཁོ་འདོན་འདང་ངེས་ཡིན་པ་དང་། དབྱར་རྩྭ་དགུན་འབུའི་དགོས་མཁོ་ཡང་ཇེ་ཆེར་གྱུར་མེད་པ་དང་འགྱུར་ཡང་མི་སྲིད་པ་སོགས་ཀྱི་རྒྱུ་མཚན་ལ་བརྟེན། ད་ལོའི་དབྱར་རྩྭ་དགུན་འབུའི་རིན་གོང་འཕར་མི་སྲིད་པར་ཅུང་ཟད་མར་ཆག་སྲིད་པ་རེད།

    དབྱར་རྩྭ་དགུན་འབུ་ནི་འཚོ་བཅུད་ཆེན་པོ་ལྡན་པའི་ལུས་ཕུང་གསོ་བའི་སྨན་རྩྭ་ཞིག་དང་། དེར་མིའི་ནད་འགོག་མ་ལག་གི་སྟོབས་ཇེ་ཆེ་དང་། གློ་བ་དང་མཆིན་པའི་སྐྲན་ནད་རིགས་ལ་ཚོད་འཛིན་གྱི་ནུས་པ་ལྡན་པ་མ་ཟད། གློ་བའི་ཚད་རིམས་དང་དབང་རྩ་ཉམས་པ་སླར་གསོ་ཡོང་བ་སོགས་ལ་ཕན་པ་ཆེན་པོ་ལྡན་སྐད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།