ནེ་པ་ལའི་ས་ཡོམ་རིམ་པ་8.1ནི་ལོ་80ལྷག་ཙམ་རིང་ས་ཁུལ་དེ་གའི་ས་ཡོམ་ཚབས་ཆེ་ཤོས་ཡིན་པ་དང་། རང་ལྗོངས་ལའང་གྱོང་གུན་ཚབས་ཆེན་བཟོས་ཡོད། གློ་བུར་དུ་བྱུང་བའི་གནོད་འཚེའི་མདུན་དུ་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་ལྗོངས་ཡོངས་ཀྱི་ཏང་སྲིད་དམངས་ཉེན་དམངས་ཀྱིས་མཐུན་སྦྱོར་མཉམ་འགུལ་དང་། བློ་གཅིག་སེམས་གཅིག ཀུན་སེམས་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་ཡོམ་འགོག་གེགས་སེལ་དང་མི་བརྒྱ་སེམས་གཅིག་གིས་རང་བྱུང་གནོད་འཚེ་དང་འཐབ་པའི་མི་སེམས་འགུལ་བའི་བསྟོད་གླུ་བརྩམས་ཡོད།
མིག་སྔར་ཡོམ་འགོག་གེགས་སེལ་ལས་དོན་དེ་འཕྲལ་སྡོམ་རོགས་སྐྱོར་ནས་གནོད་འཚེ་ཕོག་པའི་མང་ཚོགས་སྔར་བས་བཀོད་སྒྲིག་འོས་འཚམ་དང་གནོད་འཚེ་བྱུང་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་བྱེད་པའི་དུས་རིམ་གསར་པར་སླེབས་ནས་ཡོམ་འགོག་གེགས་སེལ་གྱི་འཐབ་རྩོད་དུས་བབ་སྔར་བཞིན་ཛ་དྲག་པ་དང་ལས་འགན་སྔར་བཞིན་ལྗིད་རྫོབ་དང་དཀའ་ཚེགས་ཆེན་པོ་ཡོད། ཡོམ་འགོག་གེགས་སེལ་དམག་འཐབ་དེ་ལས་རྣམ་པར་རྒྱལ་བ་བྱེད་པའི་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་མཛུབ་སྟོན་གལ་ཆེའི་དགོངས་དོན་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བཅས་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་ལྟར་གདེང་ཚོད་བརྟན་པོ་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་ཀྱི་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་པ་བྱེད་དགོས།
རང་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་གོམ་སྟབས་རྗེས་མའི་ལས་དོན་ལ་ལས་འགན་ཧ་ཅང་ཆེན་པོ་འཕྲད་པའི་འགག་རྩའི་དུས་འདིར་སྤྱི་ཁྱབ་ཧྲུའུ་ཅིས་སླར་ཡང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་པར་ཁས་ལེན་དང་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན། སྤྱི་ཚོགས་ཁྱོན་ཡོངས་ནས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་སོགས་ཀྱི་ལས་དོན་སྔར་བས་ལེགས་པར་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་གནང་བ་དང་རེ་བ་ཆེན་པོ་བཅོལ་གནང་བས་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་དང་མི་རིགས་ཁག་གི་མང་ཚོགས་ལ་སྐུལ་མ་ཆེན་པོ་ཐེབས་ཏེ་ང་ཚོས་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་དོན་སྔར་བས་ལེགས་པར་སྒྲུབ་པར་ཁ་ཕྱོགས་བསྟན་པ་དང་། སྒུལ་ཤུགས་སྦྱིན་པ། ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
གདེང་ཚོད་ནི་སྤྱི་ཚོགས་རིང་ལུགས་ཁྱིམ་ཚང་ཆེན་པོའི་དྲོ་སྐྱིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནས་བྱུང་ཡོད། ཕྱོགས་གཅིག་ལ་དཀའ་ངལ་འཕྲད་སྐབས་ཚང་མས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཏང་ཀྲུང་དབྱང་གིས་བཀའ་རྒྱ་བཏང་མ་ཐག་རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་དང་ཨུ་ཡོན་ལྷན་ཁང་གིས་ཛ་དྲག་ངང་འཕྲལ་སྡོམ་སྔོན་ཇུས་ལག་ལེན་བསྟར་ཏེ་གེགས་སེལ་དངོས་རྫས་དབོར་འདྲེན་དང་ཆེད་དོན་འགྲོ་གྲོན་བཀོད་སྒྲིག་བྱས་ཏེ་དེ་མ་ཉིད་དུ་ལས་དོན་ཚོགས་ཆུང་གནོད་འཚེ་ཕོག་ཁུལ་དུ་རོགས་སྐྱོར་བྱེད་པར་མངགས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར)དང་ཁེ་ལས་མང་པོས་གཅིག་རྗེས་གཉིས་མཐུད་ངང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་གློག་འཕྲིན་བཏང་སྟེ་གནོད་འཚེ་ཕོག་པའི་མང་ཚོགས་ལ་འཚམས་འདྲི་དང་ས་ཡོམ་གྱི་གནོད་འཚེ་ཕོག་ཁུལ་ལ་དངུལ་ཞལ་འདེབས་རྒྱག་པ། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་། མི་རིགས་ཁག ལས་རིགས་ཁག་བཅས་ཀྱི་ལས་བཟོ་དང་། ཞིང་འབྲོག་མང་ཚོགས། བོད་སྐྱོར་ལས་བྱེད་པ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་རོགས་སྐྱོར་བྱེད་པ་སོགས...... གེགས་བར་བྱུང་ཁུལ་གྲོགས་མེད་ཁེར་རྐྱང་དུ་ལུས་མེད་པ་དེ་ང་ཚོར་རྒྱབ་རྩ་བརྟན་པོ་མེས་རྒྱལ་ཡོད་པས་ཡིན།
གདེང་ཚོད་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་མགྱོགས་མྱུར་བཀོད་སྒྲིག་དང་འཕྲལ་ཐག་ཆོད་པའི་ཐབས་ཇུས་ནས་བྱུང་ཡོད། གནོད་འཚེའི་གནས་ཚུལ་ཛ་དྲག་པ་དང་། ལས་འགན་ལྕི་བ། ལས་ཀ་རྙོག་འཛིང་ཆེ་བ་བཅས་ཀྱི་མདུན་དུ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཆན་བཀོད་མཛུབ་སྟོན་གལ་ཆེའི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་ཀྱི་ཚེ་སྲོག་ལ་བརྩི་འཇོག་དང་མི་དམངས་ཀྱི་ཁེ་ཕན་ལ་དོ་ཁུར་ཆེན་པོ་བྱེད་པའི་བརྩེ་སེམས་དང་འགན་འཁྲི་ཁུར་བའི་ཐོག་ནས་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་དེ་ཁ་གཏད་ཧུར་ཐག་བཅག་ཡོད། ཁྲེན་ཆོན་གོ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འཐབ་ཕྱོགས་དང་པོར་བཀོད་འདོམས་གནང་བར་ཕེབས་ཏེ་མདུན་ཕྱོགས་དང་རྒྱབ་ཕྱོགས་ཕྱར་བ་གྲུ་འདེགས་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་ཉེན་འགོག་རོགས་སྐྱོར་དང་། རྨས་མ་སྐྱོབ་བཅོས། མང་ཚོགས་གནས་སྤོ་བཀོད་སྒྲིག་བཅས་བྱེད་པ་ནས་རྨང་གཞིའི་སྒྲིག་བཀོད་ཉམས་གསོ་དང་མ་དངུལ་དང་དངོས་རྫས་འགན་ལེན་བྱེད་པའི་བར་སྤྱི་འདོམས་དང་ཁྱོན་ཡོངས་ལ་ལྟ་རྟོག་དང་། བཀོད་སྒྲིག་འོས་འཚམ། ཛ་དྲག་ཅིང་གོ་རིམ་ལྡན་པ། ཕན་འབྲས་ཆེ་བ་བཅས་ཀྱི་སྒོ་ནས་ཡོམ་འགོག་གེགས་སེལ་ལས་དོན་ཁག་ལ་སྐུལ་མ་གཏོང་ཐུབ་པ་བྱུང་བས་དུས་ཐུང་ནང་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད།
གདེང་ཚོད་ནི་ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱིས་བློ་གཅིག་སེམས་གཅིག་ངང་འགག་སྒྲོལ་དཀའ་སྒྲོལ་བྱས་པ་ལས་བྱུང་ཡོད། འགག་རྩའི་དུས་སུ་གནོད་འཚེ་ཕོག་ཁུལ་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། གཞི་རིམ་ཏང་རྩ་འཛུགས། རྒྱ་ཆེའི་ལས་བྱེད་པ་བཅས་ཀྱིས་རང་འགུལ་ངང་ཁ་གཏད་གཅོག་པ་དང་ཉེན་འགོག་གེགས་སེལ་གང་ཐུབ་བྱས་ནས་དེ་མ་ཉིད་དུ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་གནས་སྤོ་བྱས་པ་དང་། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྤྱི་བདེའི་མི་དམངས་ཉེན་རྟོག་པ། མཐའ་སྲུང་དང་མེ་ཟོན་གྱི་དཔོན་དམག ཡུལ་དམག་གྲ་སྒྲིག་དམག་ཞབས་བཅས་ཀྱིས་འཐབ་ཕྱོགས་དང་པོར་མྱུར་དུ་བསྐྱོད་དེ་མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བྱས་ནས་གཙོ་ཤུགས་དམག་གི་ནུས་པ་བཏོན་པ། གྲོང་ཚོ་དང་དགོན་སྡེའི་བཅའ་སྡོད་ཏང་ཡོན་ལས་བྱེད་པས། མང་ཚོགས་ལ་དཀའ་ངལ་ཆེ་ཤོས་དང་དགོས་མཁོ་ཆེ་ཤོས་ཀྱི་སྐབས་སུ་ཉེན་ཁར་མི་སྐྲག་པར་མདུན་དུ་བསྐྱོད་པ། གནོད་འཚེ་བྱུང་ཁུལ་གྱི་མང་ཚོགས་ཀྱིས་དྲིན་གཟོའི་སེམས་པ་འཆང་བ་དང་འབད་བརྩོན་ལྷོད་མེད་བྱས་ཏེ་ཏང་དང་། སྲིད་གཞུང་དང་། མི་དམངས་དམག་དཔུང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་བཅས་ལ་དྲིན་གཟོའི་སེམས་པ་དེ་རང་གཅེས་དང་། རང་ཚུགས། རང་སྐྱོབ་བཅས་ཀྱི་རྫོགས་མཐའ་མེད་པའི་སྒུལ་ཤུགས་སུ་བསྒྱུར་ཡོད།
གདེང་ཚོད་དེ་དག་བསྣན་ཚེ་ང་ཚོས་ཡོམ་འགོག་གེགས་སེལ་གྱི་དྲང་ནུས་ཧ་ཅང་ཆེན་པོ་ཞིག་ཆགས་ཐུབ་ངེས་རེད།
མིག་སྔར་གནོད་འཚེ་ཕོག་རྗེས་ཀྱི་ལས་དོན་ཁག་ཛ་དྲག་ངང་སྤེལ་བཞིན་ཡོད་པས་སྔོན་དཔག་ཐུབ་པ་དང་སྔོན་དཔག་མི་ཐུབ་པའི་དཀའ་ངལ་ད་དུང་ཧ་ཅང་མང་པོ་ཡོད། འདི་ལྟ་བུའི་མདུན་དུ་གདེང་ཚོད་ཀྱི་རྒྱབ་སྐྱོར་ཧ་ཅང་ཆེན་པོ་དང་ཡོམ་འགོག་གེགས་སེལ་གྱི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་དེ་བས་ཡོད་དགོས། བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་དང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བྱ་ཐབས་ནུས་ལྡན། ལྗོངས་ཡོངས་ཀྱི་ཏང་སྲིད་དམག་ཉེན་དམངས་ཀྱི་གཞོགས་འདེགས་དམ་ཟབ་བཅས་ཡོད་པས་ང་ཚོས་ཡོམ་འགོག་གེགས་སེལ་དང་། བར་བརྒལ་བཀོད་སྒྲིག སླར་གསོ་བསྐྱར་སྐྲུན་བཅས་ཀྱི་ལས་འགན་ཆེན་པོ་གསུམ་ལེགས་སྒྲུབ་དང་ནུས་ཤུགས་ཡོད་རྒུས་ཡོམ་འགོག་གེགས་སེལ་གྱི་ལས་དོན་ལ་ཁྱོན་ཡོངས་ནས་རྒྱལ་ཁ་བླངས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་བྱམས་སྐྱོང་གནང་བའི་དྲིན་ལན་འཇལ་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་ཟབ་མོ་ཡོད།