དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེངས་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་ངེས་པར་དུ་ཀྲུང་གོ་མི་དམངས་མདུན་སྐྱོད་བྱེད་པར་སྣེ་ཁྲིད་མཁན་གྱི་ཡང་དག་བགྲོད་ལམ་དང་གཙོ་གྱུར་སྟོབས་ཤུགས་ཪྙེད་པ་བྱེད་དགོས་པ་དེ་ནི་ལྕགས་ཕག་ལོའི་གསར་བརྗེ་བྱས་ཚུན་གྱི་ལོ་བརྒྱའི་རིང་གི་ལོ་རྒྱུས་ཀྱིས་ང་ཚོར་ཕྱེ་བའི་བློ་བསྐྱེད་གལ་ཆེ་ཤོས་དེ་རེད།

        ལྕགས་ཕག་ལོའི་གསར་བརྗེ་བྱས་ནས་ལོ་100འཁོར་བའི་ཚོགས་ཆེན་ཐོག་གནང་བའི་བློ་མཐུན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་ནང “ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་འཐབ་དང་བློས་གཏོང་ཆེན་པོ་བྱས་པས་མཐར་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་ཡང་དག་བགྲོད་ལམ་དང་གཙོ་གྱུར་སྟོབས་ཤུགས་ཪྙེད་པ་རེད།

        ཡང་དག་བགྲོད་ལམ་དེ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཡིན་པ་དང་གཙོ་གྱུར་སྟོབས་ཤུགས་དེ་ནི་ཀྲུང་གོ་གུང་ཁྲན་ཏང་ཡིན ”པའི་ནན་བཤད་གནང་ཡོད། བློ་མཐུན་ཧུའུ་ཅིན་ཐའོ་ཡི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་ཆེས་རྩ་བ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཡང་དག་བགྲོད་ལམ་དེའི་སྟེང་བསྐྱོད་རྒྱུ་དང་གཙོ་གྱུར་སྟོབས་ཤུགས་དེའི་འགོ་ཁྲིད་མཐའ་འཁྱོངས་ཀྱིས་མི་རིགས་བསྐྱར་དར་མངོན་འགྱུར་བྱེད་པའི་འཐབ་ལམ་ཐོག་འབད་འཐབ་ལྷོད་མེད་བྱ་རྒྱུ་དེ་རེད།

        “ས་ཞིང་རྣམས་འདེབས་མཁན་རང་ལ་དབང་བའི ”ཐའེ་ཕིང་ཐེན་གོ་ལས་འགུལ་དང་། “རང་འབད་ཕྱུག་འཚོལ ”གྱི་ཕྱི་འབྲེལ་ལས་འགུལ། ཨུ་རུ་སུ་དང་རི་པིན་ལ་མིག་དཔེ་བལྟ་བའི་ས་ཁྱི་ལོའི་ལུགས་སྒྱུར། “དམངས་གཙོ་སྤྱི་མཐུན ”གྱི་ལྕགས་ཕག་ལོའི་གསར་བརྗེ་སོགས་ཀྱི་དོན་དངོས་ལས་བཀས་བཀོད་རྒྱུད་འཛིན་གྱི་རྩ་བར་ཕོག་ཐུག་མ་བཏང་བའི་རང་འབད་ལས་འགུལ་དང་ལེགས་བཅོས་རིང་ལུགས་དང་། རྣམ་པ་ཪྙིང་པའི་ཞིང་པའི་དམག་འཁྲུག འབྱོར་ལྡན་གྲལ་རིམ་གྱི་གསར་བརྗེ་ཤོག་ཁག་གིས་འགོ་ཁྲིད་བྱས་པའི་གསར་བརྗེ། ནུབ་ཕྱོགས་མ་རྩ་རིང་ལུགས་ལ་ལད་ཟློས་བྱས་པའི་དེ་མིན་གྱི་ཇུས་གཞི་སྣ་ཚོགས་བཅས་གང་ཞིག་གིས་ཀྱང་རྒྱལ་ཁབ་སྐྱོབ་པའི་མི་རིགས་ཀྱི་འགན་འཁྲི་དང་བཙན་རྒྱལ་རིང་ལུགས་དང་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་ལ་རྒོལ་བའི་ལོ་རྒྱུས་ཀྱི་འགན་འཁྲི་བསྒྲུབ་མི་ཐུབ་པ་ར་སྤྲོད་བྱས་ཡོད། རྒྱབ་ལྗོངས་དེ་འདྲའི་འོག་ཀྲུང་གོའི་ཆེས་སྔོན་ཐོན་གྲལ་རིམ་གྱི་ཏང་སྲིད་ཡིན་པའི་ཀྲུང་གོ་གུང་ཁྲན་ཏང་ལོ་རྒྱུས་ཀྱི་གར་སྟེགས་ཐོག་བསྐྱོད། མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་གསར་བརྗེའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་ཀྲུང་གོའི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་བྱེད་པའི་བརྗིད་ཆེའི་ཕུགས་བསམ་དང་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཟུང་འབྲེལ་བྱ་ཆེད་ཀྲུང་གོ་གུང་ཁྲན་ཏང་གིས་མུན་ནག་ནས་འོད་ཟེར་དང་། འཇིག་ཉེན་ནས་བསྐྱར་དར། སྒོ་རྒྱག་ནས་སྒོ་དབྱེ། རྗེས་ལུས་ནས་འབྱོར་ཕྱུག་བཅས་ཀྱི་ཕྱོགས་སུ་བསྐྱོད་པའི་ཡང་དག་བགྲོད་ལམ་ཅིག་བཏོད་པ་རེད།

        ལོ་ངོ་དགུ་བཅུའི་ལོ་རྒྱུས་ལས་ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་གཙོ་གྱུར་སྟོབས་ཤུགས་བདམས་པ་དེས་ཀྲུང་གོའི་གསར་བརྗེ་རྣམ་པ་གསར་རྐྱང་དུ་གྱུར་པ་དང་ཡང་དག་བགྲོད་ལམ་ཪྙེད་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་མདུན་ལམ་འོད་ཟེར་ལྡན་པར་གྱུར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་མཐའ་འཁྱོངས་བྱ་རྒྱུ་དེ་ནི་ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་སྐྱོབ་པ་དང་ཀྲུང་གོ་དར་རྒྱས་སུ་གཏོང་བའི་ཉེ་རབས་ཀྲུང་གོའི་ཉམས་མྱོང་དང་བསླབ་བྱ་དང་། ཀྲུང་གོས་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་དྲང་ལྡོག་གཉིས་ཀྱི་ཉམས་མྱོང་། འཛམ་གླིང་རྒྱལ་ཁབ་ཁག་གི་འཕེལ་རྒྱས་དང་ཡར་ཐོན་བཅས་ཕྱོགས་སྡོམ་གཏིང་ཟབ་བྱས་པའི་ལོ་རྒྱུས་ཀྱི་བློ་བསྐྱེད་དང་ཐོབ་པའི་གཞི་རྩའི་ཆོད་སྡོམ་ཡིན་པ་དེ་རང་རྒྱལ་གྱི་དོན་དངོས་དང་དུས་རབས་ཀྱི་བླང་བྱ་དང་། ཀྲུང་གོའི་ཆེས་རྒྱ་ཆེའི་མི་དམངས་ཀྱི་རྩ་བའི་ཁེ་ཕན། ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་བཅས་དང་མཐུན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།