དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམས་པའི་ཡང་དག་པའི་འགྲོ་ལམ་འཚོལ་ཞིབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཉལ་ཐའི་དམག་འཁྲུག་གིས “གནམ་བསྐོས་གོང་མའི་རྒྱལ་ཁབ ”ཀྱི་རང་རློམ་རྨི་ལམ་བཏོར་ནས་རྒྱལ་ཁབ་དེང་རབས་ཅན་ལ་སྐུལ་མ་གཏོང་བ་དང་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་རྒྱུ་དེ་སྤྱོད་བཟང་མདུན་ཆེའི་མི་སྣ་གྲངས་ལས་འདས་པ་ཞིག་གི་དོན་གཉེར་བྱེད་པའི་བསམ་འདུན་ཞིག་ཏུ་གྱུར་ཡོད། མི་རབས་མང་པོས་བློ་བརྟན་འགྱུར་མེད་ངང་འཚོལ་ཞིབ་བྱས་པ་བརྒྱུད་སྐུ་ཞབས་སུན་ཀྲུང་ཧྲན་དང་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པ་ཚོས་འགྲོ་ལམ་འདིར་གསར་གཏོད་རང་བཞིན་གྱི་རྩ་ཆེའི་འཚོལ་ཞིབ་བྱས་ཏེ་མི་རིགས་བསྐྱར་དར་གྱི་ཆེད་དུ་ཀྲུང་གོའི་རྒྱལ་ཁབ་གྱི་གནས་ཚུལ་དང་འཚམས་པའི་ཡང་དག་པའི་འགྲོ་ལམ་འཚོལ་རྒྱུར་ཉམས་མྱོང་དང་བསླབ་བྱ་བསགས་ཡོད།

        “ཕྱིའི་རྒྱལ་ཁབ་ཀྱི་རྩལ་ནུས་སྦྱངས་ནས་ཕྱིའི་རྒྱལ་ཁབ་ལ་ཁ་གཏད་གཅོག་པའི ”ཕྱིའི་རྒྱལ་ཁབ་ཀྱི་བཪྙས་བཅོས་འགོག་པའི་ཐབས་ལམ་དང་། “ཀྲུང་ལུགས་ཕྱི་སྤྱོད ”ཀྱི་ཕྱི་དོན་ལས་འགུལ། “ཨུ་རི་གཉིས་ལ་སློབ་སྦྱོང་བྱེད་པའི ”ས་ཁྱི་ལོའི་ལུགས་སྒྱུར། ལྕགས་ཕག་ལོའི་གསར་བརྗེ་མ་བྱས་གོང་གི་ལོ་བཅུ་བཅས་ཀྱི་ནང་རྒྱལ་ཁབ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་རེ་བྱེད་པའི་ཚོད་ལྟ་སྣ་ཚོགས་ཕམ་ཉེས་སུ་སོང་ཡོད། ཐོག་མ་ཉིད་ནས “ཀྲུང་ཧྭ་དར་རྒྱས ”ཀྱི་ངར་སྒྲ་སྒྲོག་པའི་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་དང་ལུས་ངག་ཡིད་གསུམ་ཕུལ་ནས་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གོང་མས་སྲིད་དབང་སྒེར་འཛིན་བྱེད་པའི་ལམ་ལུགས་མགོ་རྟིང་བསློགས་ཏེ་དམངས་གཙོའི་སྤྱི་མཐུན་གྱི་འདུ་ཤེས་རྒྱུད་སྤེལ་བཏང་ཡོད། འོན་ཏེ་ཀྲུང་ཧྭ་མི་རིགས་འདི་ཉིད་བཀས་བཀོད་རྒྱུད་འཛིན་སྲིད་དབང་སྒེར་འཛིན་གྱི་ལམ་ལུགས་དང་ཕྱིའི་སྟོབས་ཆེའི་རྒྱལ་ཁབ་ཀྱི་བཙན་འཛུལ་ལས་ཐར་རྒྱུར་སྐུལ་མ་གཏོང་ཐུབ་མེད་པ་དང་ཀྲུང་གོ་འདི་ཉིད་འཛམ་གླིང་གི་འཕེལ་རྒྱས་དང་ཡར་རྒྱས་ཀྱི་གོམ་སྟབས་རྗེས་སུ་སྙེགས་རྒྱུར་སྐུལ་མ་གཏོང་ཐུབ་མེད།

        འཛམ་གླིང་ཐོག་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་བལྟོས་མི་དགོས་པར་རྦད་དེ་ལད་མོ་བྱེད་ཆོག་པའི་དེང་རབས་ཅན་གྱི་དཔེ་དབྱིབས་མེད་སྟབས་དེང་རབས་ཅན་གྱི་ལམ་བུ་མཐའ་དག་ནི་ངེས་པར་དུ་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པ་བྱ་རྒྱུ་དེ་གཞི་རྩའི་སྔོན་འགྲོ་རེད། “སྲོག་དང་ནུས་པ་གྲངས་ལས་འདས་པ་བློས་བཏང་རུང་། བྱུང་བ་སྤྱི་མཐུན་རྫུས་མ་ཙམ་ནི་ཀྱེ་མ་ཧུད ”ཀྱི་དཀའ་གནད་ལས་ཇི་ལྟར་བྱས་ནས་སྒྲོལ་བ་དང “གྲོང་སྒོའི་སྟེང་གི་རྒྱལ་པོའི་དམག་དར་ཡང་ཡང་བརྗེ་བའི ”དམག་ཤེད་ཀྱི་བཅད་བཟུང་དང་དམག་འཁྲུག་གི་གོད་ཆག་རྒྱུན་མི་ཆད་པ་མཇུག་བསྒྲིལ་ནས “དུས་རབས་གསར་པའི་སྐྱ་མདའ ”ངོ་མ་ཇི་ལྟར་བསུ་འམ་བཟོ་ཞིང་ཁྲི་ཚོ་སྟོང་ཕྲག་འབོད་སྐུལ་བྱས་ནས་ཆེས་རྒྱ་ཆེའི་མང་ཚོགས་ཁྲོད་དུ་ཡོད་པའི་གསར་བརྗེའི་སྟོབས་ཤུགས་སྐུལ་སློང་བྱས་ནས་ཀྲུང་གོ་འདི་ཉིད་རྗེས་ལུས་དང་བཪྙས་བཅོས་ཕོག་པའི་ལས་དབང་བསྒྱུར་རྒྱུར་སྐུལ་མ་གཏོང་བ་དང་འཛམ་གླིང་གི་སྔོན་ཐོན་གྲལ་སྟར་དུ་སླེབས་པ་བྱེད་དགོས་སམ།

        ཀྲུང་གོ་གུང་ཁྲན་ཏང་གིས་ལྕགས་ཕག་ལོའི་གསར་བརྗེའི་སྔོན་བྱོན་པ་ཚོའི་ཀྲུང་ཧྭ་དར་རྒྱས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་དར་ཆ་བླངས་ཏེ་མར་ཁེ་སི་རིང་ལུགས་དང་ཀྲུང་གོའི་དོན་དངོས་ཟུང་འབྲེལ་དང་རྒྱལ་སྐྱོབ་འབངས་སྐྱོབ་དང་རྒྱལ་འབངས་གཉིས་ཀ་སྟོབས་ལྡན་འབྱོར་ཕྱུག་ཏུ་འགྱུར་བའི་ཕུགས་བསམ་དང་དེང་རབས་ཅན་གྱི་བྱ་གཞག་ལ་སྐུལ་མ་གཏོང་རྒྱུ་ཟུང་འབྲེལ་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་། དངོས་ཐོག་བདེན་འཚོལ། དུས་བསྟུན་འཕེལ་རྒྱས་བཅས་མཐའ་འཁྱོངས་བྱས་ནས་ཀྲུང་གོ་འདི་ཉིད་དེང་རབས་ཅན་དུ་འགྱུར་བའི་འགོ་སྣེ་འཁྲིད་ཡོད། ལོ་དགུ་བཅུའི་རིང་གནམ་ས་བཤང་པ་དང་། གནམ་ས་སྒྱུར་བ། གནས་ས་མགོ་རྟིང་སློག་པ་བཅས་བྱས་ཏེ་སྔོན་ཐོན་རིགས་པའི་གཞུང་ལུགས་ཀྱི་མཛུབ་ཁྲིད་འོག་ཀྲུང་གོ་གུང་ཁྲན་ཏང་མིས་གྲོང་གསེབ་ནས་གྲོང་ཁྱེར་མཐའ་སྐོར་བ་དང་དྲག་པོའི་སྒོ་ནས་སྲིད་དབང་ལེན་པའི་ཀྲུང་གོའི་གསར་བརྗེའི་འགྲོ་ལམ་ཐོག་སྔོན་ལ་བསྐྱོད་དེ་མི་དམངས་ལ་སྣེ་ཁྲིད་ཐོག་ལོ་28ནང་1840ལོ་ནས་བཟུང་གི་ཀྲུང་ཧྭ་མི་རིགས་ཀྱི་ལས་དབང་ལ་འགྱུར་ལྡོག་མཐར་ཕྱིན་པ་བཏང་བ་དང་ཀྲུང་གོ་དེང་རབས་ཅན་དུ་སྐྱོད་པའི་ནང་རྩོད་ཕྱི་འཁྲུག་མེད་པ་མཐར་ཕྱིན་པ་བཟོས་ནས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་ཐོབ་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུཌ་གཏན་འཁེལ་དང་དཀའ་ཚེགས་ཆེ་བའི་འཚོལ་ཞིབ་ཀྱི་རྨང་གཞིའི་ཐོག་སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་ཀྱི་དུས་སྐབས་གསར་པའི་ནང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་གྱི་སྲོལ་བཏོད་པས་ནུབ་ཕྱོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ལྷག་བསྐྱོད་པའི་འགྲོ་ལམ་ཐོག་དེང་སྐབས་ཀྲུང་གོ་དེ་ཉིད་ཀྱིས་ལོ་ངོ་བཅུ་ཕྲག་ཁ་ཤས་ལས་བསྐྱོད་དགོས་མ་བྱུང་བར་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་སྟེ་དཔལ་འབྱོར་དབུལ་ཕོངས་རྗེས་ལུས་ནས་དཔལ་འབྱོར་གྱི་བསྡོམས་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དང་མི་དམངས་ཀྱི་འཚོ་བ་ལྟོ་གོས་མི་འཛོམས་པ་ནས་སྤྱི་ཡོངས་འབྱོར་འབྲིང་དུ་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད།

        ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་ཀྲུང་གོའི་དོན་དངོས་དང་འཚམས་པའི་འགྲོ་ལམ་དེ་ནི་ཉེ་རབས་ཀྲུང་གོའི་རྒྱལ་ཁབ་སྐྱོབ་གནས་དང་ཀྲུང་ཧྭ་དར་རྒྱས་ཡོང་བ་བྱེད་པའི་ཉམས་མྱོང་བསླབ་བྱ་མཐའ་དག་ལ་ཕྱོགས་བསྡོམས་གཏིང་ཟབ་དང་། ཀྲུང་གོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ལ་སྐུལ་མ་གཏོང་རིང་ཐོབ་པའི་དྲང་ཕྱོགས་དང་ལྡོག་ཕྱོགས་ལ་ཕྱོགས་བསྡོམས་གཏིང་ཟབ། འཛམ་གླིང་རྒྱལ་ཁབ་ཁག་གིས་འཕེལ་རྒྱས་དང་ཡར་རྒྱས་མངོན་འགྱུར་ཡོང་བ་བྱེད་པའི་ལོ་རྒྱུས་ཀྱི་སྒོ་འབྱེད་ལ་ཕྱོགས་བསྡོམས་གཏིང་ཟབ་བཅས་བྱས་པ་ཞིག་ཡིན་པས་སྔོན་བྱོན་པ་གྲངས་ལས་འདས་པའི་བསམ་མདུན་དང་། སེམས་ནུས། བློ་གྲོས་བཅས་འདུས་ནས་ཀྲུང་ཧྭའི་ཤེས་དཔལ་གྱི་ལས་འགན་རྒྱུན་འཛིན་བྱེད་པ་དང་། བློ་གྲོས་གཅིག་ཏུ་བསྡུ་བ། འཕེལ་ཤུགས་གསར་པ་གཏོད་པ་བཅས་མངོན་ཡོད། འགྲོ་ལམ་དེ་ནི་རྗེས་རྒོལ་རྗེས་སྙེག་རྣམ་པའི་རྒྱལ་ཁབ་ཀྱིས་དེང་རབས་ཅན་མངོན་འགྱུར་བྱེད་པའི་གསར་གཏོད་ཀྱི་བསླབ་བྱ་ཞིག་ཡིན་པས་མི་རིགས་དང་རྒྱལ་ཁབ་དེང་རབས་ཅན་དུ་སྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་བ་དང་མིའི་རིགས་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་འགྲོ་ལམ་ལ་འཛིན་པའི་ངོས་འཛིན་ཕུན་སུམ་ཚོགས་སུ་བཏང་ཡོད།

        ལོ་རྒྱུས་ནི་དགེ་རྒན་ཡག་ཤོས་ཤིག་རེད། ལྕགས་ཕག་ལོའི་གསར་བརྗེ་བྱས་ནས་ལོ་བརྒྱའི་རིང་གི་ལོ་རྒྱུས་ཀྱི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འགྲོ་ལམ་ནི་རྒྱལ་སྐྱོབ་འབངས་སྐྱོབ་དང་རྒྱལ་འབངས་གཉིས་ཀ་སྟོབས་ལྡན་འབྱོར་ཕྱུག་ཏུ་འགྱུར་བའི་ལས་འགན་ལེགས་སྒྲུབ་བྱེད་པའི་ལྡོག་མེད་ཀྱི་གདམ་ག་དང་། ཀྲུང་གོའི་མི་དམངས་ཀྱི་མཛེས་སྡུག་འཚོ་བ་གཏོད་པའི་བརྒྱུད་དགོས་ངེས་ཀྱི་ལམ་བུ། གནའ་བོའི་ཤར་ཕྱོགས་ཀྱི་ང་ཚོའི་རྒྱལ་ཁབ་ཆེན་པོ་འདིར་དེང་རབས་ཅན་མངོན་འགྱུར་དང་མི་རིགས་བསྐྱར་དར་མངོན་འགྱུར་ཡོང་བའི་ཡང་དག་པའི་ལམ་བུ་བཅས་ཡིན་པ་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།