དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བོད་ལྗོངས་ཀྱི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་བྱེད་པའི་མིག་དཔེ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        ཀྲུང་གུང་ཆུ་ཤུར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་བློ་མཐུན་ཀྲོའུ་ཀོང་ཀྲེས་བོད་འདི་ཉིད་རང་ཉིད་ཀྱི་ཕ་ཡུལ་དུ་བརྩི་བ་དང་རང་ཉིད་ཀྱི་ཁྱིམ་ཚང་བློས་བཏང་ནས་ཚང་མའི་ཆེད་དུ་ལྷག་བསམ་ཟོལ་མེད་ཀྱིས་ཀྲུང་དབྱང་གི་བོད་སྐྱོར་བྱེད་ཕྱོགས་ལག་བསྟར་བྱས་ནས་བློ་གཅིག་སེམས་གཅིག་ངང་ཆུ་ཤུར་རྫོང་གི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ཐད་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བའི་སྔོན་ཐོན་གྱི་བྱས་རྗེས་དེས་མི་སེམས་ལ་གཡོ་འགུལ་ཟབ་མོ་ཐེབས་ཡོད། ཉེ་ཆར་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བརྡ་ཐོ་བཏང་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཀྲོའུ་ཀོང་ཀྲེའི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་མགྱོགས་མྱུར་འཕྱུར་བ་བྱས་ཏེ་ཏང་ཡོན་དང་ལས་བྱེད་པ་ཚང་མས་ཀྲོའུ་ཀོང་ཀྲེ་དང་འདྲ་བའི་ལས་བྱེད་པ་ཡག་པོ་ཞིག་བྱ་རྒྱུར་སློབ་གསོ་བརྒྱབ་ཐོག་བོད་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཐད་ནུས་ཤུགས་སྐྱེས་སུ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།

        བོད་སྐྱོར་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ལོ་4ལྷག་ཙམ་རིང་བློ་མཐུན་ཀྲོའུ་ཀོང་ཀྲེས་ཐོག་མཐའ་བར་གསུམ་དུ་བོད་སྐྱོར་ལས་འགན་བློ་ལ་བརྟན་པོར་ངེས་ནས “མི་བབ་ཆགས་ཤིག་བྱེད་པ་དང་། ལས་ཀ་ནན་ཏན་ངང་སྒྲུབ་པ། གསོ་རླུང་མི་འདང་ཡང་སྙིང་སྟོབས་ཆེན་པོ་ལྡན་པ། དཀའ་ཚེགས་ཆེ་ཡང་ཚད་གཞི་དམའ་རུ་མི་གཏོང་བ་བཅས ”ཀྱི་བོད་སྐྱོར་ལས་བྱེད་པའི་སྙིང་སྟོབས་ལག་བསྟར་ཤུགས་ཆེན་བྱས་ཏེ་བོད་འདི་ཉིད་རང་ཉིད་ཀྱི་ཕ་ཡུལ་དུ་བརྩིས་ཐོག་བློ་གཅིག་སེམས་གཅིག་གིས་བོད་ཀྱི་མི་དམངས་ལ་ཞབས་འདེགས་ཞུས་པ་རེད། ཁོང་གི་སྔོན་ཐོན་བྱས་རྗེས་ནི “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་དང་བོད་སྐྱོར་ལས་བྱེད་པའི་སྙིང་སྟོབས་དེ་དུས་བབ་གསར་པའི་འོག་རྒྱུན་འཛིན་དང་དར་སྤེལ་བཏང་བ་ཞིག་ཡིན་པ་དེ་ཐོག་ནས་བོད་སྐྱོར་ལས་བྱེད་པའི་དུས་རབས་ཀྱི་ཉམས་འགྱུར་དང་བསམ་པའི་ཉམས་འགྱུར་གང་ལེགས་མཚོན་ཡོད།

        བློ་མཐུན་ཀྲོའུ་ཀོང་ཀྲེ་ནི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་བོད་སྐྱོར་ལས་དོན་དེ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཐོན་པའི་སྔོན་ཐོན་གྱི་དཔེ་མཚོན་དང་། དུས་སྐབས་གསར་པར་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་མཐའ་འཁྱོངས་བྱེད་པའི་གདོང་ལེན་དཔེ་བཟང་། སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོའི་ཁྲོད་ཐོན་པའི་ཕུལ་བྱུང་གི་བོད་སྐྱོར་ལས་བྱེད་པའི་འཐུས་མི། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སློབ་སྦྱོང་བྱེད་སའི་མིག་དཔེ་བཅས་རེད།

        བློ་མཐུན་ཀྲོའུ་ཀོང་ཀྲེ་ལ་སློབ་སྦྱོང་བྱེད་པར་ཁོང་གི་ཕུགས་བསམ་ལྡན་པ་དང་ལྷག་བསམ་ཟོལ་མེད་ངང་ལས་འགན་སྒྲུབ་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་དང་། བོད་ཀྱི་འཕེལ་རྒྱས་དང་། བོད་ཀྱི་བརྟན་ལྷིང་། བོད་ཀྱི་དར་རྒྱས་བཅས་ཐོག་མཐའ་བར་གསུམ་དུ་རང་འཁྲིའི་ལས་འགན་དུ་བརྩིས་ནས་འཕེལ་རྒྱས་གཏོང་རྒྱུ་དེ་ལས་འགན་གལ་ཆེན་ཨང་དང་པོར་བརྩི་བ། གཞི་རིམ་དུ་བསྐྱོད་པ་དང་། བརྟག་ཞིབ་བྱེད་པ། བསམ་ཕྱོགས་གསལ་བཟོ་བཅས་བྱས་ཐོག་དཔལ་འབྱོར་ལས་དོན་ཁྲོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་དང་གསར་གཏོད་ཀྱི་འདུ་ཤེས་ཤུགས་ཆེན་ལྡན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་ཁྱོན་ཡོངས་དང་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བའི་རྣམ་པ་གསར་པ་གཏོད་པའི་ཐད་ལྷག་བསམ་ཟོལ་མེད་ངང་ལས་འགན་སྒྲུབ་པ་དང་རང་འགན་གཙང་སྒྲུབ་ཀྱི་བླ་ན་མེད་པའི་གཤིས་རྒྱུད་བཅས་ལ་སློབ་སྦྱོང་བྱས་ཏེ་ང་ཚོས་ཁོང་དང་འདྲ་བར “མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན་རང་རྟོགས་ངང་ལག་བསྟར་བྱེད་པ་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་མི་སྒེར་གྱི་མདུན་ལམ་དང་ལས་དབང་དེ་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་འཛུགས་སྐྲུན་བྱེད་པའི་བླ་ན་མེད་པའི་བྱ་གཞག་དང་གཅིག་ཏུ་སྦྲེལ་ནས་འབད་བརྩོན་ལྷོད་མེད་དང་བློ་བརྟན་འགྱུར་མེད་དངོས་སུ་བྱེད་ཐུབ་པ་བྱེད་དགོས།

        བློ་མཐུན་ཀྲོའུ་ཀོང་ཀྲེ་ལ་སློབ་སྦྱོང་བྱེད་པར་ཁོང་གི་མི་དམངས་ལ་དགའ་ཞེན་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་སྤྱི་ཞབས་པའི་བརྩེ་སེམས་དང་། ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ། བརྟན་ལྷིང་སྲུང་སྐྱོང་གི་འཕྲལ་རྐྱེན་ཐལ་གཅོད་བྱེད་པའི་འགག་རྩའི་དུས་སྐབས་སུ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ། ལངས་ཕྱོགས་བརྟན་པོ་དང་དར་ཆ་གསལ་སྟོན་དང་། གདོང་མཆོང་བྱེད་པ་དང་སྣེ་ཁྲིད་དཔེ་སྟོན་བྱེད་པའི་ཏང་ལ་བཅངས་པའི་བློ་དཀར་དང་འགན་འཁུར་ཕོད་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་བཅས་ལ་སློབ་སྦྱོང་བྱས་ཏེ་ང་ཚོས་ཁོང་དང་འདྲ་བར་ཏང་གི་དགོངས་དོན་རང་རྟོགས་ངང་ལག་བསྟར་བྱེད་པ་དང་མི་རིགས་མཐུན་སྒྲིལ་ཐད་གཅེས་སྤྲས་ལྡབ་བརྒྱ་བྱས་ནས་བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྡུག་དུས་དང་རྣམ་པ་ཀུན་ཏུ་སེམས་ནང་བཞག་ཐོག་དབང་ཆ་དམངས་ཀྱི་ཆེད་དུ་སྤྱོད་པ་དང་། བརྩེ་སེམས་དམངས་ལ་བཅངས་པ། དམངས་ཀྱི་ཆེད་དུ་ཁེ་ཕན་དོན་གཉེར་བྱེད་པ་བཅས་ཏན་ཏིག་བྱེད་ཐུབ་པ་བྱེད་དགོས།

        བློ་མཐུན་ཀྲོའུ་ཀོང་ཀྲེ་ལ་སློབ་སྦྱོང་བྱེད་པར་ཁོང་གི་དཀའ་ངལ་ལ་མི་སྐྲག་པ་དང་སྒེར་སེམས་མེད་པའི་ངང་ལེགས་སྐྱེས་འབུལ་བའི་ཕུལ་བྱུང་གཤིས་རྒྱུད་དང་། ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ནས་མང་ཚོགས་རང་གི་གཉེན་ཉེར་བརྩིས་ཏེ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་མང་ཚོགས་ཆེད་ལས་དོན་དངོས་སྒྲུབ་པ་དང་། དཀའ་གནད་སེལ་བ། བྱ་བ་ཡག་པོ་སྒྲུབ་པ་བཅས་བྱེད་པ། ས་ཆ་དེ་གའི་མང་ཚོགས་དང་བརྩེ་དུང་ཟབ་མོ་ཆགས་པ་བྱས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་བརྩི་བཀུར་ཐོབ་པར་བྱེད་པའི་དམིགས་ཡུལ་བརྟན་པོ་ངེས་པ་དང་མང་ཚོགས་ལ་བརྩེ་སེམས་བཅངས་པའི་སྤྱི་ཞབས་པའི་བརྩེ་སེམས་བཅས་ལ་སློབ་སྦྱོང་བྱས་ནས་ང་ཚོས་ཁོང་དང་འདྲ་བར་ཏང་དང་མི་དམངས་ཀྱི་དགོས་མཁོ་དེ་མི་ཚེའི་གདམ་ག་དང་པོར་བྱེད་པ་དང་། མི་ཚེའི་རྣམ་འགྱུར་ཡང་དག་འཛིན་པ། འཇིག་རྟེན་གྱི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཡང་དག་བཙུགས་ཏེ “བོད་སྐྱོད་པ་རྒན་གྲས ”ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཐོག་མཐའ་བར་གསུམ་དུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བསམ་བློའི་འཁྱེར་ཕྱོགས་རྒྱུན་འཁྱོངས་བྱས་ཐོག་དཀའ་ངལ་ཆེ་བའི་ཁོར་ཡུག་ཁྲོད་བློ་སྟོབས་སྦྱོང་བརྡར་བྱེད་པ་དང་ལས་དོན་སྒྲུབ་པ་དང་བྱ་གཞག་གསར་གཏོད་བྱེད་དགོས།

        བློ་མཐུན་ཀྲོའུ་ཀོང་ཀྲེ་ལ་སློབ་སྦྱོང་བྱེད་པར་ཁོང་གི་རང་དོན་རྒྱབ་བསྐྱུར་ངང་ལས་ཀ་བྱེད་པ་དང་ཡར་རྒྱས་བརྩོན་ལེན་གྱི་ལས་བཀུར་སྙིང་སྟོབས་དང་། ཐོག་མཐའ་བར་གསུམ་དུ་འགན་འཁྲི་དེ་ཚེ་སྲོག་ལྟར་བརྩི་བ་དང་མི་སྒེར་གྱི་གྱོང་གུན་ལ་མི་བལྟོས་པའི་རང་དོན་རྒྱབ་བསྐྱུར་ངང་འབད་འབུངས་དང་ལེགས་སྐྱེས་འབུལ་འདོད་པའི་ཕུལ་བྱུང་སྤྱོད་ཚུལ་ལ་སློབ་སྦྱོང་བྱས་ནས་ང་ཚོས་ཁོང་དང་འདྲ་བར་དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་རང་འགན་ལ་བློ་དཀར་བ་དང་། སྙིང་རུས་ཆེན་པོ་བྱེད་པ། རྣོ་ངར་ཆེན་པོས་གསར་གཏོད་བྱེད་པ། འགག་སྒྲོལ་བྱེད་ཕོད་པ་བཅས་བྱས་ནས་རྩ་འཛུགས་ལ་མཁོ་བའི་ལས་གནས་ཐོག་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་དམངས་ལ་ངོ་གནོང་མི་དགོས་པའི་ལས་ཀའི་བྱས་རྗེས་རྩེ་གྲ་གཏོད་དགོས།

        བློ་མཐུན་ཀྲོའུ་ཀོང་ཀྲེའི་སྔོན་ཐོན་བྱས་རྗེས་ལ་སློབ་སྦྱོང་བྱེད་པར་བྱ་སྤྱོད་སྤེལ་རྒྱུ་དེ་གཙོ་བོ་དང་ལག་ལེན་བྱ་རྒྱུ་དེ་གལ་ཆེན་ཞིག་ཏུ་འཛིན་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་བློ་མཐུན་ཀྲོའུ་ཀོང་ཀྲེར་སློབ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་རྒྱུ་དེ་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དང་ཟུང་འབྲེལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དང་ཟུང་འབྲེལ། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཐོག་ཕེབས་སྐབས་གནང་བའི་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ། ད་ལྟ་སྤེལ་བཞིན་པའི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་འདོགས་པ་བཅས་ཀྱི་བྱེད་སྒོ་དང་ཟུང་འབྲེལ་བཅས་བྱས་ནས་དམིགས་ཡུལ་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། མི་དམངས་མང་ཚོགས་ལ་བཅངས་པའི་བརྩེ་སེམས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་པ། འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ཐོག་བྱ་སྤྱོད་དངོས་ཀྱི་ཐོག་ནས་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། མཐུན་སྦྱོར་དང་བརྟན་ལྷིང་། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་སུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།