དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་གཡོ་འགུལ་གཏོང་མི་རུང་།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་དུས་རབས་གསར་པའི་བཟོ་ཚོང་མཉམ་འབྲེལ་ལས་དོན་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་གསར་གཏོད་བྱེད་ཕོད་པ་དང་། མི་གཞན་གྱི་སྔོན་དུ་སྐྱོད་ཕོད་པ། བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་པ། བློ་ཁོག་ཆེན་པོས་ལས་ཀ་བྱེད་པ། བློ་ཁོག་ཆེན་པོས་བྱ་བ་སྒྲུབ་པ་བཅས་བྱས་ནས “བཀག་རྒྱ་མེད་ན་བྱེད་ཆོག་པ ”མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཀྱིས་བཀའ་རྒྱ་བཏང་ནས་བཀག་འགོག་བྱས་པ་ཕུད་དེ་མིན་གྱི་ཁྱབ་ཁོངས་ཡོངས་རྫོགས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་མ་འཇོག་ལ་སྒོ་དབྱེ་ནས་ཁེ་ལས་ཀྱི་མིང་དང་། ལས་གཉེར་བྱ་ཡུལ། མ་འཇོག་བྱེད་སྟངས། ཐོ་འགོད་མ་དངུལ། མ་འཇོག་མཁན་གྱི་ཐོབ་ཐང་། ལས་སྒོའི་ཁྱབ་ཁོངས་སོགས་ཀྱི་ཐད་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཇུག་འཐུས་ཀྱི་ཆ་རྐྱེན་དང་ཚད་གཞི་དམའ་རུ་བཏང་ཐོག་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་འཁོར་རྒྱ་ཆེ་རུ་གཏོང་དགོས་ཞེས་མཛུབ་སྟོན་གནང་ཡོད།

        ཉེ་བའི་ལོའི་རིང་དང་ལྷག་དོན་དུ “ལོ་ལྔ་ཚན་བཅུ་གཅིག་པ ”ཚུན་དུ་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཐད་འཕེལ་རྒྱས་མྱུར་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་སོང་བ་དང་། ཐོན་སྐྱེད་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་སོང་བ། གཉེར་སྐྱོང་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་ཆེར་སོང་བ། ཐོན་ལས་གྲུབ་ཆ་ཟམ་མི་ཆད་པར་ལེགས་སུ་སོང་བ། དཔལ་འབྱོར་བསྡོམས་འབོར་རྒྱུན་ཆད་མེད་པར་མང་དུ་སོང་བ་བཅས་ཀྱི་འཕེལ་ཚུལ་བཟང་པོ་ཞིག་མངོན་ཡོད། 2010ལོར་ལྗོངས་ཡོངས་སུ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་མཁན་རྩ་འཛུགས་ཁྲི་10ཙམ་ཡོད་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རིན་ཐང་འཕར་མས་ཐོན་སྐྱེད་སྤྱིའི་རིན་ཐང་གི་བསྡུར་གྲངས་བཟུང་ཚད་45%ཟིན་པ་དང་། འཛད་སྤྱོད་དངོས་རྫས་སིལ་ཚོང་གིས་སྤྱི་ཚོགས་ཡོངས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་གྱི་45%བཟུང་བ། གོང་འབུལ་ཞུས་པའི་ཁྲལ་དངུལ་གྱིས་ཁྲལ་གྲོན་བསྡོམས་འབོར་གྱི་75%བཟུང་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་རང་ལྗོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་གཞི་གལ་ཆེན་ཞིག་དང་། ནོར་སྲིད་ཁྲལ་གྲོན་ཡོང་གཞི་གལ་ཆེན་ཞིག ལས་ཞུགས་རྒྱ་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་བཅས་སུ་ཉིན་རེ་བཞིན་གྱུར་ནས་དཔལ་འབྱོར་དར་རྒྱས་དང་། དམངས་འཚོ་ལེགས་གཏོང་། ལས་ཞུགས་མང་གཏོང་། བརྟན་ལྷིང་སྲུང་སྐྱོང་སོགས་ཀྱི་ཐད་ནུས་པ་གལ་ཆེན་འདོན་སྤེལ་བྱས་དང་བྱེད་མུས་ཡིན་པ་རེད།

        དུས་རབས་གསར་པ་ཤར་ཚུན་རང་ལྗོངས་ཀྱི་སྤྱི་དབང་ལམ་ལུགས་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་དེ་འདྲ་ཐོབ་དོན་ནི་གཙོ་བོ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་གཞི་བཙུགས་པས་ཡིན། འོན་ཀྱང་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དེ་སྔར་བཞིན་རིམ་པ་ཅུང་དམའ་པོར་གནས་ཡོད། འཕེལ་རྒྱས་ཐད་བློ་ཁོག་ཆེན་པོས་ཚོད་ལྟ་བྱེད་པ་དང་། བློ་ཁོག་ཆེན་པོས་དེའི་ནང་ཞུགས་་པ། བློ་ཁོག་ཆེན་པོས་བྱ་བ་སྒྲུབ་པ་བཅས་བྱས་ཚེ་གཞི་ནས་རང་ལྗོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་དེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་དེ་བས་ལེགས་པ་དང་། དེ་བས་མགྱོགས་པ། དེ་བས་ཆེ་བ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཡོང་ཐུབ།

        འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ་བྱེད་པར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་གཡོ་འགུལ་མ་བཏང་ནས་འཕེལ་རྒྱས་འགྲོ་ཚུལ་སྟངས་འཛིན་ཐུབ་པ་བྱེད་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བེད་སྤྱོད་ཡག་པོ་བྱེད་དགོས། སྔོན་ཐོན་གྱི་ལག་རྩལ་ལ་བརྟེན་ནས་འབྲེལ་ཡོད་ཐོན་ལས་སྒྱུར་བཀོད་དང་རིམ་སྤོར་བྱས་ནས་མཐོ་གསར་ལག་རྩལ་ཐོན་ལས་དང་། ཐོན་ལས་གཙོ་བོ། ལེགས་ཆ་དང་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཐོན་ལས་གསུམ་པ་འཕེལ་རྒྱས་མགྱོགས་སུ་བཏང་སྟེ་ས་ཁོངས་དཔལ་འབྱོར་གྱི་ཕྱོགས་བསྡུས་ནུས་པ་ཆེ་རུ་གཏོང་དགོས་པ་དང་། ཁེ་ལས་ཀྱི་རང་བརྟེན་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ཐོན་རྫས་དང་ལག་རྩལ་གསར་སྤེལ་ནུས་པ་ཆེ་རུ་བཏང་སྟེ་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། སྒྲིག་ཆས་གསར་པ་བཅས་རྒྱུན་ཆད་མེད་པར་གསར་སྤེལ་བྱེད་པ་དང་ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་མཐོ་རུ་གཏོང་རྒྱུར་བརྟེན་ནས་ཐོན་རྫས་གསར་བརྗེ་དང་ལག་རྩལ་སྒྲིག་ཆས་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།

        འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ་བྱེད་པར “བཀག་རྒྱ་མེད་ན་བྱེད་ཆོག་པའི ”རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་། ཁྲིམས་སྲོལ་དང་སྲིད་ཇུས་ནང་བཀག་འགོག་གསལ་པོ་བྱས་མེད་པའི་ཁྱབ་ཁོངས་ནང་དམངས་ཁྲོད་ཀྱི་མ་དངུལ་ཚང་མ་འདྲ་མཉམ་ངང་འཇུག་འཐུས་བྱེད་དགོས། ཁེར་རྐྱང་བཟོ་ཚོང་དང་། མ་རྐང་ལམ་ལུགས། མ་འཇོག་གསུམ་སོགས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཡོངས་རྫོགས་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་ལྕག་བྱེད་པ་དང་། གཞི་ཁྱོན་ཆེ་འབྲིང་ཆུང་གསུམ་ལྡན་པའི་ཁེ་ལས་ཕན་ཚུན་མཉམ་དུ་འཕེལ་རྒྱས་ཡོང་རྒྱུར་སྐུལ་ལྕག་བྱེད་པ། ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་སོགས་ལས་རིགས་ཁག་གི་ཁེ་ལས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་ལྕག་བཅས་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་པ་བྱེད་པ་དང་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བ་བྱེད་དགོས་པ་སྟེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་བསྡོམས་འབོར་མང་དུ་འགྲོ་བ་བྱེད་པ་དང་གང་སར་ཁྱབ་པ་བྱེད་དགོས་པ་མ་ཟད་སྤྱི་དབང་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྟོབས་ཆེ་བའི་ཁེ་ལས་ཤིག་ཏུ་་འགྱུར་བ་བྱས་ཏེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཀྱང་གཏོང་དགོས།

        འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ་བྱེད་པར “སྒུག་ཁོམ་མེད་པའི ”ཛ་དྲག་གི་བསམ་པ་དང་། “དལ་དུ་གཏོང་མི་རུང་བའི ”ཉེན་ཁའི་བསམ་པ། “སྡོད་ཁོམ་མེད་པའི ”འགན་འཁྲིའི་བསམ་པ་བཅས་ལ་བརྟེན་ནས་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་ཐུབ་པ་བྱེད་པ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་ངང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་མགྱོགས་སུ་གཏོང་རྒྱུར་ཁྲིད་སྟོན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི 《དམངས་ཁྲོད་ཀྱི་མ་འཇོག་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་ལྕག་དང་རྒྱ་ཆེར་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག 》གི་གོ་སྐབས་གལ་ཆེན་དམ་འཛིན་ནན་པོ་བྱས་ནས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ལ་མ་འཇོག་གཞི་ཁྱོན་རྒྱ་ཆེར་གཏོང་བའི་ཁྲོད་འཕེལ་རྒྱས་གཏོང་སྟངས་བསྒྱུར་བ་དང་འཕེལ་རྒྱས་གཏོང་སྟངས་བསྒྱུར་བའི་ཁྲོད་མ་འཇོག་གྲུབ་ཆ་ལེགས་སུ་བཏང་ནས་སྤྱི་དབང་མིན་པའི་ལམ་ལུགས་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་ངང་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་མགྱོགས་སུ་གཏོང་བའི་ཞིབ་ཕྲའི་ལག་ལེན་ཁྲོད་གཅིག་གྱུར་ཡོང་བ་བྱེད་དགོས།

        འཕེལ་རྒྱས་ཐད་བློ་ཁོག་ཆེན་པོ་བྱེད་པར་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ཕྱིར་ཧུར་ཐག་སྐྱོད་པ་དང་ཁྲོམ་ར་རྒྱ་ཆེར་བཏང་སྟེ་མ་དངུལ་ནང་འདྲེན་དང་། ལག་རྩལ་གསར་སྤེལ། ལག་རྩལ་ཐད་མཉམ་ལས་བཅས་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་དགོས། སྤུས་རྟགས་གཏོད་པ་དང་སྟེགས་བུ་བསྐྲུན་ནས་ལྗོངས་ཕྱི་ནང་གི་ཁེ་ལས་ལ “ཕྱིར་སྐྱོད་པ ”དང “ནང་དུ་གདན་འདྲེན་ཞུ་རྒྱུར ”སྣེ་ཁྲིད་ཧུར་ཐག་བྱེད་དགོས། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཐོན་ཁུངས་མང་བ་དང་། ལས་ཀ་བྱེད་རྒྱ་ཆེ་བ། འབྲེལ་གཏུག་བྱེད་རྒྱ་ཆེ་བ་བཅས་ཀྱི་ལེགས་ཆ་སྤྱད་དེ “དམ་འཛིན་བྱེད་གཞི ”འཚོལ་བ་དང་། “སྟེགས་བུ ”སྐྲུན་པ། “སྤུས་རྟགས ”གཏོད་པ་བཅས་བྱེད་མཁས་པོ་བྱས་ཏེ་ཇུས་འགོད་ཞིབ་ཚགས་ཀྱིས་བྱེད་སྒོའི་རིམ་པ་མཐོ་རུ་གཏོང་བ་དང་བྱེད་སྒོའི་ཕན་འབྲས་ལ་སྣང་ཆེན་བྱས་ནས་ལས་ཀའི་ཁྱབ་ཁྱོན་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།