དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཀྲུང་གོའི་དར་རྒྱས་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་སྟངས་འཛིན་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད།   |     སྤེལ་དུས།  2015-05-09

        ཉི་འོད་ཤར་ཕྱོགས་ནས་འཕྲོ་སྐབས་ང་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྟོན་ཉིན་མོ་ཐེངས་དྲུག་ཅུ་རེ་གཉིས་པ་བསུས་ཡོད། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་དགའ་སྟོན་རྟེན་འབྲེལ་ཞུ་བའི་ཉིན་མོ་འདིར་ཀྲུང་གོ་བ་ཚང་མས་རང་རེའི་རྒྱལ་ཁབ་ལ་སྤོབས་སེམས་ཆེན་པོ་འཆང་བཞིན་ཀྲུང་གོའི་དར་རྒྱས་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་ལ་རྒྱང་བལྟ་དང་རེ་སྒུག་གིས་ཁེངས་བཞིན་ཡོད།

        འཛམ་གླིང་གི་དཔལ་འབྱོར་སྒྲིག་གཞི་ཆེན་པོ་ཨང་གཉིས་པ་དང་ཕྱིར་གཏོང་རྒྱལ་ཁབ་ཆེན་པོ་ཨང་དང་པོ་ཡིན་པ་དང་། བཟོ་ལས་ཐོན་ཟོག་སྣ་ཁ་220ལྷག་ཙམ་གྱི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་པ། འབྲུ་རིགས་ཐོན་ཚད་བསྟུད་མར་ལོ་མང་རིང་སྤྱི་རྒྱ་དུང་ཕྱུར་5000ལས་བརྒལ་བ་སོགས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་62ཀྱི་འཁྲུངས་སྐར་འཆར་ཉེའི་སྐབས་འདིར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་ཞིག་འཛམ་གླིང་གི་ཤར་ཕྱོགས་སུ་འགྱིང་ངེར་གནས། མཚོན་མདོག་རྣམ་པར་བཀྲ་བའི་དེང་རབས་ཅན་གྱི་ལྗོངས་རིས་ཤིག་ཀྲུང་གོའི་ས་གཞི་ཆེན་མོའི་ཐོག་མངོན། ཀྲུང་གོའི་འཕེལ་ཚུལ་དང་བསྐྱར་དར་འགྲོ་ཚུལ་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་ཉིན་བཞིན་གསལ་པོར་མངོན་བཞིན་ཡོད།

        སྐུ་ཞབས་སུན་ཀྲུང་ཧྲན་གྱིས་དབུ་ཁྲིད་གནང་བའི་ལྕགས་ཕག་ལོའི་གསར་བརྗེས་ཀྲུང་གོར་ལོ་ངོ་སྟོང་ཕྲག་རིང་དབང་སྒྱུར་བྱས་པའི་རྒྱལ་པོའི་སྲིད་དབང་སྒེར་གཅོད་ལམ་ལུགས་མཇུག་འགྲིལ་ནས་ཀྲུང་གོའི་ཡར་ཐོན་གྱི་སྒོ་མོ་ཕྱེ་ཡོད། ཀྲུང་གོ་གུང་ཁྲན་ཏང་མིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་འཁྲིད་དེ་མི་དམངས་རང་ཐག་རང་གཅོད་ཀྱི་ཀྲུང་གོ་གསར་པ་བཙུགས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་ལམ་ལུགས་བཙུགས་ནས་སྒྱུར་བཅོས་སྒོ་དབྱེ་བྱས་པ་དེས་ཀྲུང་གོ་དེང་རབས་ཅན་དུ་འགྱུར་རྒྱུར་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་དངོས་པོའི་རྨང་གཞི་བཏིང་བ་མ་ཟད་རང་ཉིད་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བའི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་དེ་བས་འགྱུར་བ་བྱས་ནས་ལོ་ངོ་སྟོང་གི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་དང་མི་འབོར་དུང་ཕྱུར་13ཡོད་པའི་རྒྱལ་ཁབ་ཆེན་པོར་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་དེང་རབས་ཅན་གྱི་འགྲོ་ལམ་སྟེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཏོད་ཐོག་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི “ཀྲུང་གོའི་ངོ་མཚར ”བཏོད་ཡོད།

        དེང་གི་ཀྲུང་གོར་དཔལ་འབྱོར་ཐད་ལོ་30ལྷག་རིང་མྱུར་དུ་འཕར་རྒྱུ་རྒྱུན་མཐུད་བྱུང་བ་དང་། གྲོང་ཁྱེར་ཅན་དུ་འགྱུར་ཚད་47%ལས་བརྒལ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་མ་ལག་གྲུབ་ཟིན་པ། སྤྱི་ཚོགས་ཀྱི་རིག་གནས་འཚོ་བ་ཉིན་བཞིན་ཕུན་སུམ་ཚོགས་སུ་འགྲོ་བ། མི་དམངས་ཀྱི་གཞི་རྩའི་རིག་གནས་ཁེ་དབང་འགན་ལེན་ཏན་ཏིག་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པའི་གཞི་རྩའི་སྨན་བཅོས་འགན་ལེན་ལམ་ལུགས་ཁྱོན་ཡོངས་ནས་བཙུགས་པ། སྤྱི་ཚོགས་འགན་ལེན་མ་ལག་རིམ་བཞིན་ཆགས་པ། སློབ་གསོ་དང་། སྨན་བཅོས་འཕྲོད་བསྟེན། འགན་ལེན་རང་བཞིན་གྱི་སྡོད་ཁང་སོགས་སྤྱི་ཚོགས་ཀྱི་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་སོགས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་བ་དེ་དག་ཏང་བཙུགས་ནས་ལོ་90དང་། ཀྲུང་གོ་གསར་པ་དབུ་བཪྙེས་ནས་ལོ་60 ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་30ལྷག་ཙམ་བཅས་སོང་བ་ལས་བྱུང་བ་ཞིག་ཡིན། རང་རེའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་གནའ་བོའི་ཀྲུང་གོའི་ས་གཞི་འདིའི་ཐོག་མིའི་རིགས་ཀྱི་འཕེལ་རྒྱས་ལོ་རྒྱུས་ཐད་སྔར་བྱུང་མྱོང་མེད་པའི་བརྗིད་ཆེའི་ལེའུ་ཞིག་བརྩམས། ཀྲུང་གོའི་སྤྱི་ཚོགས་ལ་འཕོ་འགྱུར་བྱུང་བ་དང་ཀྲུང་གོའི་མི་དམངས་ཀྱི་ལས་དབང་ལ་འགྱུར་ལྡོག་བྱུང་བ་དེ་རྒྱ་ཆེ་ས་དང་གཏིང་ཟབ་པའི་ངོས་ནས་བརྗོད་ན་མིའི་རིགས་ཀྱི་ལོ་རྒྱུས་ཐོག་མཐོང་ཧ་ཅང་དཀོན་པ་ཞིག་རེད། དེའི་ཆབ་སྲིད་ཀྱི་ཤུགས་རྐྱེན་དང་སྤྱི་ཚོགས་ཀྱི་དོན་སྙིང་ནི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡིས་མཛུབ་སྟོན་གནང་བ་བཞིན་ཉེ་རབས་རྗེས་ཀྱི་ཀྲུང་གོའི་ནང་རྩོད་ཕྱི་འཁྲུག་དང་དབུལ་ཞིང་སྟོབས་ཞན་པའི་ཡ་ང་བའི་ལས་དབང་རྩོད་མེད་ངང་མཇུག་འགྲིལ་བ་དང་ཀྲུང་ཧྭ་མི་རིགས་འདི་ཉིད་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ་དང་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་ཕྱོགས་སུ་དཔུང་སྐྱོད་བྱ་རྒྱུ་རྩོད་མེད་ངང་འགོ་བཙུགས་ཏེ་ལོ་ངོ་5000ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ཀྲུང་གོའི་རྣམ་པ་གསར་རྐྱང་དུ་གྱུར་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཐད་སྔར་བྱུང་མྱོང་མེད་པའི་འོད་སྟོང་འཕྲོ་བའི་མདུན་ལམ་མངོན་ཡོད།

        ལོ་ངོ་བརྒྱ་འབད་འཐབ་བྱས་ནས་ནུབ་ཕྱོགས་དེང་རབས་ཅན་དུ་འགྱུར་བའི་ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་འཕེལ་རིམ་བརྒྱུད་པའི་སྐབས་འདིར་ང་ཚོས་2020ལོའི་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུ་དང་དུས་རབས་འདིའི་དུས་དཀྱིལ་དུ་དེང་རབས་ཅན་གྱི་བརྗིད་ཆེའི་དམིགས་ཚད་སྤྱིར་ན་མངོན་འགྱུར་ཡོང་བ་དང་བར་ཐག་ཇེ་ཉེར་འགྲོ་བཞིན་ཡོད་པས་ང་ཚོར་ཐོབ་པར་དཀའ་བའི་གོ་སྐབས་དང་འགྲན་རྩོད་ཆེན་པོ་འཕྲད་ཡོད། རང་རྒྱལ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་སྔར་བཞིན་གནས་རྒྱུ་མ་ཟད་ཡུན་རིང་ཡང་གནས་རྒྱུ་ཡིན་པའི་གཞི་རྩའི་རྒྱལ་ཁབ་ཀྱི་གནས་ཚུལ་འགྱུར་ལྡོག་བྱུང་མེད་པ་དང་། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་ཡིན་པའི་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་དངོས་པོ་དང་རིག་གནས་ཀྱི་དགོས་མཁོ་དང་རྗེས་ལུས་ཐེབས་པའི་སྤྱི་ཚོགས་ཀྱི་ཐོན་སྐྱེད་དབར་གྱི་འགལ་བར་འགྱུར་ལྡོག་བྱུང་མེད་པ། འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་ཀྱི་རང་རྒྱལ་གྱི་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་བྱུང་མེད་པ། སྤྱི་ཚོགས་ཀྱི་རྣམ་པ་འགྱུར་ལྡོག་འགྲོ་སྒང་གི་འགལ་བ་དང་གནད་དོན་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བ། ཀྲུང་གོ་ཞི་བའི་ངང་འཕེལ་རྒྱས་འགྲོ་བའི་རྒྱལ་སྤྱིའི་ཁོར་ཡུག་སྔར་བཞིན་ཪྙོག་འཛིང་ཆེ་བ་ཞིག་ཡོད། འབྱུང་འགྱུར་ལ་ཕྱོགས་སྐབས་ལོ་བརྒྱ་རིང་བཅངས་པའི་དེང་རབས་ཅན་གྱི་ཕུགས་བསམ་སྔར་བཞིན་སྒྲུབ་དགོས་པས་འཕེལ་རྒྱས་ནི་སྔར་བཞིན་རང་རྒྱལ་གྱི་གནད་དོན་མཐའ་དག་ཐག་གཅོད་བྱེད་པའི་འགག་རྩ་དེ་རེད། ང་ཚོས་སྒྱུར་བཅོས་གསར་གཏོད་ཀྱི་ཡིད་ཆེས་དང་དཔའ་སྟོབས་མཐའ་འཁྱོངས་ཀྱིས་གལ་ཆེའི་འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་ནན་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ་དེ་བས་འབད་འབུངས་ཧུར་ལེན་གྱི་བསམ་པའི་ཉམས་འགྱུར་ཐོག་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་མ་དང་སྤྱི་ཚོགས་མཐུན་སྦྱོར་ལ་སྐུལ་མ་ཧུར་ཐག་བཏང་ནས་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་སྒོ་ཀུན་ནས་སྐུལ་འདེད་བཏང་སྟེ་ཛ་དྲག་པའི་རྒྱལ་སྤྱིའི་འགྲན་རྩོད་ཁྲོད་རང་འགུལ་དང་། ལེགས་ཆ། འབྱུང་འགྱུར་བཅས་ཐོབ་པ་བྱེད་དགོས།

        ཀྲུང་གོའི་དེང་རབས་ཅན་ནི་ལོ་བརྒྱ་འཆར་འགོད་དང་ད་ལྟའང་འཆར་འགོད་བྱེད་བཞིན་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ལོ་རྒྱུས་ཀྱི་སྙན་ངག་ཅིག་དང་དུས་རབས་ལ་གཡོ་འགུལ་དང་ད་ལྟའང་ཀྲུང་ཧྭ་ཡི་བུ་ཕྲུག་གི་སེམས་ནང་སྔར་བཞིན་ལེན་པའི་བསྐྱར་དར་གྱི་མཉམ་སྒྲོག་རོལ་དབྱངས་ལྟ་བུ་ཞིག་རེད། ང་ཚོས་ཀྲུང་གོའི་དར་རྒྱས་གོང་འཕེལ་གྱི་འོད་སྟོང་འཕྲོ་བའི་མདུན་ལམ་སྟངས་འཛིན་ནན་པོ་བྱས་ཏེ་བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང “མཚོན་བྱེད་གསུམ ”གྱི་དགོངས་པ་གལ་ཆེན་མཛུབ་ཁྲིད་དུ་བྱེད་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་བསྐྱོད་དེ་དེ་བས་མཛེས་སྡུག་ལྡན་པའི་བདེ་སྐྱིད་ཀྱི་འཚོ་བ་དང་ཀྲུང་ཧྭ་མི་རིགས་ཀྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།