དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • ཡང་སྲིད་ཀྱི་གནད་དོན་ཡང་སྙིང་སུས“ཆབ་སྲིད”ཅན་ལ་འགྱུར་བ་བྱེད་ཀྱི་ཡོད་དམ།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        “ཁྭ་ཏས་མི་གཙང་ཟོས་པའི་མཆུ་ཏོས། ས་གཙང་གཞན་ལ་འབད་ནས་འཕྱིད ”ཅེས་པའི་བོད་རིགས་ཀྱི་གཏམ་དཔེ་དེ “རྒན་ཡོལ་ཞུས་ཀྱང་ངལ་གསོ་མི་རྒྱག་པའི ”ཁར་ཉེ་ཆར་ཡང་སྲིད་ཀྱི་གནད་དོན་སྐོར་ཧམ་རྩོད་བྱས་ནས་མཐོང་ཐོས་དཀྲུག་མཁན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་སྦྱར་ན་འཚམ་ཤོས་ཡོད་པ་རེད།

        ཉེ་ཆར་ཏཱ་ལས་མི་ཁ་ཤས་བསྐོངས་ནས་རྡ་རམ་ས་ལར་ཚོགས་འདུ་འཚོགས་པ་རེད། ཁོ་པས་ཚོགས་འདུའི་ཐོག་གསལ་བསྒྲགས་ཤིག་སྤེལ་ནས་ང “ལོ་90ཙམ་སླེབས་སྐབས ”ཡང་སྲིད་ཀྱི་གནད་དོན་སྐོར་གཏན་འབེབས་བྱེད་ཀྱི་ཡིན་ཞེས་བཤད་པ་རེད། ཁོ་པས་བཤད་པར་གཞིགས་ན། སྐབས་དེ་དུས་ཁོ་པས་བོད་བརྒྱུད་ནང་བསྟན་གྱི་བླ་མ་སྐྱེས་ཆེན་དང་། བོད་ཀྱི་དམངས་ཚོགས། བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་མཁན་གཞན་དག་བཅས་ལ “བཀའ་འདྲི་ཞུས ”ནས “ཏཱ་ལའི་ལམ་ལུགས་ད་དུང་མུ་མཐུད་རྒྱུན་མཐུད་བྱེད་དགོས་མིན་ལ་བསམ་གཞིགས་བྱ་རྒྱུ ”དང “ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅོ་ལྔ་པ་བཙལ་འཚོལ་བྱེད་པའི་དགོས་པ་ཡོད་མིན ”ལ་བསམ་གཞིགས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།  

        ཏཱ་ལའི་སྐད་ཆ་དང་འཁྲབ་སྟོན་དེ་ནི་དོན་དངོས་ཐོག་གསར་པ་གཏན་ནས་མིན། དེ་གོང་ཏཱ་ལས་སྐད་ཅོར་ཐེངས་མང་བརྒྱབ་ནས་གཅིག་བྱས་ན་ངའི་ཡང་སྲིད་སྐྱེ་གི་མིན་ལ་གཅིག་བྱས་ན་ཡང་སྲིད་བུ་མོ་ཞིག་སྐྱེ་སྲིད་པའམ་ཡང་ན་ས་ཁོངས་ཕྱི་རོལ་དུ་སྐྱེས་ཀྱང་སྲིད་པས་ཏཱ་ལ་སྐུ་ཕྲེང་རྗེས་མ་ནི་སྐྲ་གསེར་ལ་མིག་སྔོ་བའི་ནུབ་ཕྱོགས་ཀྱི་མི་ཞིག་ཀྱང་ཡིན་སྲིད་པ་དང་ཐ་ན་ང་འཚོ་རིང་དམིགས་འཛུགས་བྱ་རྒྱུ་ཡིན་ཞེས་པ་སོགས་ཤོད་ཚུལ་གཅིག་མིན་གཉིས་མིན་སྣ་ཚོགས་བཤད་ཡོད་པ་རེད།

        འོན་ཀྱང་མི་ཚང་མ་གླེན་པ་ཞིག་ག་ལ་ཡིན། བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་ཞུ་བའི་སྲོལ་རྒྱུན་གཏོར་དགོས་སྙམ་པའི་ཏཱ་ལའི་བྱེད་སྤྱོད་དེ་རིགས་སྨྱོ་བ་ལྟར་སྣང་ཡང་དེའི་དམིགས་ཡུལ་གཅིག་ལས་མེད་པ་དེ་ནི་ཀྲུང་དབྱང་སྲིད་གཞུང་དང་ཁ་གཏད་དུ་ལངས་ནས་བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་གཏོར་བཤིག་གཏོང་བ་དང་མེས་རྒྱལ་ཁ་ཕྲལ་གཏོང་རྒྱུ་དེ་རང་ཡིན། དེ་གོང་དང་ཕྲན་བུ་མི་འདྲ་བ་ཞིག་ནི་ད་རེས་ཏཱ་ལས་གསལ་བསྒྲགས་ནང་ཡང་སྲིད་ཀྱི་གནད་དོན་དེ “ཆབ་སྲིད ”ཅན་ལ་འགྱུར་བའི་ནང་དོན་གསར་པ་བསྣན་པ་དེའི་དམིགས་ཡུལ་ནི་ཀྲུང་གོ་སྲིད་གཞུང་ལ་སྐྱོན་འཛུགས་བྱེད་པའི་མགོ་འཁྲུལ་ས་ཞིག་བཟོས་ནས་རྒྱལ་སྤྱིའི་ཐོག་ཏུ་ཀྲུང་གོར་ངོ་རྒོལ་བྱེད་པའི་རེས་སྐོར་གསར་པའི་སྐད་ཅོར་རྒྱག་རྒྱུ་དེ་ཡིན། ཏཱ་ལས་གནད་དོན་དེའི་ཐད་ཀྲུང་གོར་སྐད་ཆ་ཤོད་དབང་མེད་ཅིང་། “མི་གང་ཞིག་གིས་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་ཏེ་བདམས་པའི་འོས་མི་ཁས་ལེན་དང་དང་ལེན་བྱ་རྒྱུ་མེད ”ཅེས་བཤད་པ་རེད། དེར་བརྟེན་རྒྱ་གར་གྱི་སྨྱན་སྦྱོར་གྱིས་ཏཱ་ལའི་རྣམ་འགྱུར་དེ་ནི “ཀྲུང་གོ་སྲིད་གཞུང་ལ་དམིགས་པ་ཞིག་ཡིན་པ་ཤོད་མི་དགོས ”ཤིང་། དེའི་ཆབ་སྲིད་ཀྱི་དམིགས་ཡུལ་གསལ་པོར་མངོན་ཐུབ་པའི་ངོས་འཛིན་བྱས་ཡོད།

        ཏཱ་ལས་ཡང་སྲིད་ཀྱི་གནད་དོན་དེ “ཆབ་སྲིད ”ཅན་ལ་འགྱུར་མི་རུང་ཅེས་བཤད་པས་ན། ཁྱེད་རང་གིས་ཀྱང་དྲང་པོ་དྲང་གཞག་ངང་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་སྟངས་སྐོར་གྱི་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་སྒྲུབ་དགོས། ཏཱ་ལས་དེ་ལྟར་བྱེད་རྩིས་མེད། ཁོ་པས “ཏཱ་ལའི་ལམ་ལུགས་དེ་དུས་རབས་ཁ་ཤས་རྒྱུན་མཐུད་བྱས་ཡོད་པས (དེར་བརྩི་སྲུང་ཞུ་དགོས་མིན )དེ་ནི་མི་སྒེར་གྱི་དབང་ཆ་ཡིན ”ཞེས་བཤད་པར་བརྟེན་ཡང་སྲིད་ཀྱི་གནད་དོན་དེ “ཆབ་སྲིད ”ཅན་ལ་འགྱུར་རྒྱུའི་ཁོ་པའི་རེ་ངན་དམར་རྗེན་དུ་བཏོན་ཡོད།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་སེམས་ནང་གལ་སྲིད་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ཀྱི་ལམ་ལུགས་ལ་གཞིགས་ན། ཏཱ་ལའི་ཡང་སྲིད་ཀྱི་གནད་དོན་དེ་ཁོ་པ་གཅིག་པུས་བཤད་པར་ཆ་འཇོག་བྱ་རྒྱུ་མེད། ཀྲུང་དབྱང་སྲིད་གཞུང་ལ་སྐད་ཆ་ཤོད་དབང (དོན་དངོས་ཐོག “མཐའ་མའི་གཏན་འབེབས་བྱེད་དབང ”ཡིན )གཏན་ནས་མེད་པ་ཞིག་མིན་པ་གསལ་པོ་ཤེས་ཀྱི་ཡོད། ཏཱ་ལའི་ལམ་ལུགས་ནི་དངོས་འབྲེལ་དུས་རབས་ཁ་ཤས་རྒྱུན་མཐུད་བྱས་པ་ཞིག་ཡིན་ཡང་ལོ་རྒྱུས་ཀྱི་དོན་དངོས་ལ་བལྟས་ཚེ་ཏཱ་ལའི་བླ་མ་སྐུ་ཕྲེང་གང་ཞིག་ནི་ཏཱ་ལ་རང་ཉིད་ཀྱིས་བཤད་པར་ཆ་བཞག་པ་ཞིག་ཡིན་ནམ། ཏཱ་ལའི་བླ་མ་སྐུ་ཕྲེང་གང་ཞིག་གི་ཡང་སྲིད་ཀྱི་གནད་དོན་དེ་ཁོ་པ་དང་འདྲ་བར་གང་བྱུང་དུ་བཤད་པ་ཞིག་ག་ལ་ཡིན།

        བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁྲོད་ཀྱི་ཏཱ་ལ་སྐུ་ཕྲེང་རིམ་བྱོན་གྱི་གནས་བབ་དེ་ནི་མིང་རྒྱལ་རབས་ཀྱི་དུས་མཇུག་དང་ཆིང་རྒྱལ་རབས་ཀྱི་དུས་འགོ་ནས་འགོ་ཚུགས་ཏེ་རིམ་བཞིན་གཏན་འཁེལ་བྱས་པ་ཞིག་རེད། དེའི་ནང་ནས་ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གིས་ཏཱ་ལ་སྐུ་ཕྲེང་རིམ་བྱོན་ལ་རྒྱབ་སྐྱོར་བྱས་པ་དེས་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་བཏོན་ཡོད། ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་སྐབས་སུ་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཆེ་གྲས་ཁག་གཅིག་གིས་དབང་ཆར་རྔམ་ནས “ཕན་ཚུན་བསྐོ་རེས ”བྱེད་པ་དང་། སྤྲུལ་སྐུའི་ཡང་སྲིད་ཚང་མ་དབང་ཆེན་དཔོན་པོ་དང་སྤྲུལ་སྐུའི་ཁྱིམ་དུ་སྐྱེ་བ། མཐའ་ན་གསོན་དུས་ནས་རང་ཉིད་ཀྱི་ཡང་སྲིད་སྐྱེ་ས་གཏན་འཁེལ་བྱས་ཀྱང་མཇུག་ཏུ་ཕྲུ་གུ་བུ་མོ་ཞིག་སྐྱེ་བ (ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་ཀྱང་གནས་ཚུལ་དེ་རིགས་ཐོན་པར་དོགས་ནས་རང་ཉིད་ཀྱི་ཡང་སྲིད་བུ་མོ་ཞིག་སྐྱེ་བཟོ་ཡང་ཡོད་ཅེས་སྔ་སྣུར་དུ་བཤད་པ་ཡིན་ཤས་ཆེ )སོགས་སྐྱུག་བྲོ་བའི་གནས་ཚུལ་ལ་དམིགས་ཏེ “གསེར་བུམ་དཀྲུག་འདོན ”སོགས་སྤྲུལ་སྐུའི་ཡང་སྲིད་ཀྱི་ལམ་ལུགས་གཏན་འཁེལ་བྱས་པ་དང་སྤྲུལ་སྐུ་ཆེ་གྲས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་འཐིམས་རྗེས་བླ་མ་སྐྱེས་ཆེན་གཞན་དག་གིས་ཆོས་ཕྱོགས་ཀྱི་འགྲོ་ལུགས་ལ་གཞིགས་ནས་ཡང་སྲིད་བཙལ་འཚོལ་ཞུ་བ་དང་དེ་རྗེས་གསེར་བུམ་དཀྲུག་འདོན (སྐབས་རེ་གསེར་བུམ་དཀྲུག་འདོན་བྱེད་མི་དགོས་ཀྱང་ཀྲུང་དབྱང་སྲིད་གཞུང་གི་ཆོག་མཆན་ཐོབ་དགོས )བྱས་མཐར་ཀྲུང་དབྱང་སྲིད་གཞུང་གིས་གཏན་འཁེལ་བྱེད་པ་སོགས་ཀྱི་ངེས་སྲོལ་གཏན་ལ་ཕབ་པས་བོད་བརྒྱུད་ནང་བསྟན་གྱི་གཟུགས་བཪྙན་ལ་གནོད་པའི་བྱུར་ཉེས་སེལ་བ་དང་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱི་ཚད་མཐོའི་ཁས་ལེན་ཐོབ་པར་བརྟེན་ད་བར་རྒྱུན་མཐུད་བྱས་ཡོད།

        ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་རང་ཉིད་ཀྱང་སྲོལ་རྒྱུན་གྱི་ངེས་སྲོལ་དེར་གཞིགས་ནས་མཚོ་སྔོན་ཆི་ཀྱཱ་སྟག་མཚེར་དུ་སྐྱེས་པའི “ལྷ་མོ་དོན་གྲུབ ”ཟེར་བའི་བྱིས་པ་ཞིག་ནས་ཏཱ་ལའི་བླ་མའི་གསེར་ཁྲིར་འཁོད་པ་ཞིག་རེད། འོན་ཀྱང་དེང་སྐབས་མེས་རྒྱལ་ཁ་ཕྲལ་གཏོང་རྒྱུའི་རེ་ངན་འཆང་བའི་སྒེར་དོན་སྒྲུབ་ཆེད་ཁོ་པས་ཐབས་བརྒྱ་ཇུས་སྟོང་གི་སྒོ་ནས་དུས་རབས་ཁ་ཤས་རིང་རྒྱུན་མཐུད་བྱས་པའི་སྲོལ་རྒྱུན་དེ་མགོ་རྟིང་སློག་གི་ཡོད་པ་རེད། དེས་ན་སུ་ཞིག་གིས་ཆོས་ལུགས་ཀྱི་སྲོལ་རྒྱུན་དེ་མགོ་རྟིང་སློག་གི་ཡོད་དམ། ཡང་སྲིད་ཀྱི་གནད་དོན་དེ་ཡང་སྙིང་སུས “ཆབ་སྲིད ”ཅན་ལ་འགྱུར་བ་བྱེད་ཀྱི་ཡོད་དམ།

        ཀྲུང་དབྱང་སྲིད་གཞུང་གིས་ལོ་རྒྱུས་ཀྱི་ངེས་སྲོལ་ལ་གཞིགས་ནས་ཏཱ་ལའི་ཡང་སྲིད་ཀྱི་གནད་དོན་ཐད “སྐད་ཆ་ཤོད་དབང ”ཡོད་པ་ཁོ་ནར་སྐྲག་ཏེ་ཡང་སྲིད་ཕྱི་རྒྱལ་བ་ཞིག་སྐྱེ་བ་དང་མཐའ་ན་ཡང་སྲིད་སྐྱེ་གི་མིན་ཞེས་འུད་སྒྲོག་བྱས་ནས་ཆོས་ལུགས་ཀྱི་བྱ་བ་དེ་རིགས “ཆབ་སྲིད ”ལ་རྦད་དེ་འགྱུར་བ་བྱེད་པ་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་དེ་རྩ་བ་ནས་ཕྲུ་གུའི་རྩེད་མོ་ཞིག་ལ་བརྩི་བའི་བྱེད་སྤྱོད་དེ་རིགས་ནི་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་བརྩི་འཇོག་མི་བྱེད་པ་ཞིག་ཡིན་པ་མ་ཟད། ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་ལ་བརྩི་འཇོག་མི་བྱེད་པ་ཞིག་དང་བོད་བརྒྱུད་ནང་བསྟན་ལ་བརྩི་འཇོག་མི་བྱེད་པ་ཞིག་ཡིན་ལ་བོད་བརྒྱུད་ནང་བསྟན་གྱི་རྒྱ་ཆེའི་དད་ལྡན་མང་ཚོགས་རྐང་བཙུགས་ནས་རྡོག་རོལ་དུ་གཏོང་བ་ཞིག་དེ་བས་ཀྱང་ཡིན།

        བོད་བརྒྱུད་ནང་བསྟན་གྱི་དད་ལྡན་པ་མི་ཉུང་བ་ཞིག་གིས་གངས་ལྗོངས་ཀྱི་སྐྱེ་འགྲོ་ཀུན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱར་བརྩི་བར་བརྟེན་ཁོང་ཚོས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ལ་བརྩི་གི་ཡོད་པ་རེད། འོན་ཀྱང་དེང་སྐབས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་ཁོང་ཁྲོ་མེ་ལྟར་འབར་བ་དང་། གདོན་གྱིས་མྱོས་པ། ལྐུགས་པ་ཨུ་ཚུགས་བཅས་བྱས་ཏེ “ཡང་སྲིད་ཕྱི་རྒྱལ་བ ”དང་། ཡང་སྲིད་དམིགས་འཛུགས། གསོན་དུས་ནས་ཡང་སྲིད་གཏན་འཁེལ་བྱེད་ཟེར་བ་བཅས་འུད་སྒྲོག་བྱས་ནས་ཨུ་ཚུགས་ངང་རང་ཉིད་མེས་རྒྱལ་གྱི་རྒྱ་ཆེའི་བོད་རིགས་ས་ཁུལ་གྱི་དད་ལྡན་མང་ཚོགས་དང་ཁ་བྲལ་བ་དེ་ནི་ལྷ་མོ་དོན་གྲུབ་རང་ཉིད་ཀྱིས་རང་ཉིད་ལོ་རྒྱུས་ཀྱི་གད་སྙིགས་ཕུང་པོའི་ཁྲོད་བསྐྱུར་བ་ཞིག་ཡིན་པས་ཁོ་པས་རྒྱ་ཆེའི་དད་ལྡན་མང་ཚོགས་བློ་མོས་ཡིད་ཆེས་ཇི་ལྟར་བྱེད་དུ་འཇུག་ཐུབ་བམ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པར་རང་ཉིད་འཚོ་གནས་ཀྱི་དུས་ཚོད་མང་པོ་མེད་པ་ཤེས་པར་བརྟེན་གཡང་ས་ནས་རྟ་ཁ་སྐོར་བ་དང་ལུས་ཐོག་གི་བདུད་སྒྲིབ་མེད་པ་བཟོས་ཏེ་ཏཱ་ལ་སྐུ་ཕྲེང་རིམ་བྱོན་གྱི་མིང་བརྫད་པའི་བྱེད་སྤྱོད་ངན་པ་བསྐྱར་དུ་མི་སྤེལ་རྒྱུའི་ཁ་ཏ་བྱ་རྒྱུ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།