ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཐུན་སྦྱོར་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུའི་ཆབ་སྲིད་ཀྱི་འགན་ལེན་ཞིག་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་རྒྱ་ཆེའི་ཚོགས་འདུའི་ཐོག་ཏང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པའི་ཐོག་མིག་སྔར་ཚོགས་ཆེན་བཅུ་བདུན་པ་དང་། སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་ནང་གི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་བཅས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་ལྗོངས་ཡོངས་ཀྱི་ཏང་འཛུགས་སྐྱོང་གི་ལས་དོན་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན་གནང་བ་རེད།
ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་རྒྱག་སྐབས་སྲ་ཞིང་བརྟན་པའི་ཕུགས་བསམ་དང་དད་སེམས་ཀྱི་བསམ་པ་སྲོག་ཤིང་དུ་བྱས་ཏེ་བསམ་བློ་དྲིལ་བསྒྲགས་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། དུས་བབ་གསར་པའི་འོག་གི་བསམ་བློ་དྲིལ་བསྒྲགས་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་གལ་ཆེའི་རང་བཞིན་དང་དགོས་གཏུགས་རང་བཞིན་ངོས་འཛིན་གང་ལེགས་བྱེད་དགོས་པ་དང་ཆབས་ཅིག་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་འཛུགས་རྒྱུ་དང་ལག་ལེན་བྱ་རྒྱུ་དེ་བསམ་བློ་དྲིལ་བསྒྲགས་དང་འདུ་ཤེས་འཛིན་སྟངས་ཀྱི་ལས་དོན་ཞིག་ལ་བརྩིས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་མ་ལག་གི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་བ་དང་། སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། དར་སྲོལ་གྱི་སྣེ་འདྲེན་པ། མི་དམངས་ལ་སློབ་གསོ་གཏོང་བ་བཅས་ཐད་ཀྱི་དེའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་སྤྱི་ཚོགས་ཡོངས་སུ་གཅིག་གྱུར་གྱི་མཛུབ་ཁྲིད་བསམ་བློ་དང་། ཐུན་མོང་གི་ཕུགས་བསམ་དང་ཡིད་ཆེས་ཀྱི་བསམ་པ། ཤུགས་ཆེའི་བསམ་པའི་ཀ་རྟེན། གཞི་རྩའི་ཀུན་སྤྱོད་ཀྱི་ཚད་གཞི་བཅས་ཆགས་པ་བྱས་ནས་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་མཐུན་སྦྱོར་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། རིག་གནས་སྒྲིག་སྲོལ་སྒྱུར་བཅོས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཧུར་བརྩོན་དང་། རང་འགུལ། གསར་གཏོད་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་ལེགས་ལྡན་ཐོན་ཁུངས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་བོད་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་དང་དར་རྒྱས་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་ནས་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་རིག་གནས་ཁེ་དབང་དེ་བས་ལེགས་པའི་སྒོ་ནས་འགན་ལེན་བྱེད་དགོས།
ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་རྒྱག་སྐབས་ཏང་ཨུད་གཅིག་སྡུད་ཐོག་སྐབས་བརྗེ་བའི་གོ་སྐབས་དང་བསྟུན་ཏེ་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། ད་རེས་ཏང་ཨུད་གཅིག་སྡུད་ཐོག་སྐབས་བརྗེ་བའི་གོ་སྐབས་དམ་པོར་བཟུང་སྟེ་བསམ་བློ་ཆབ་སྲིད་འཛུགས་སྐྱོང་གཙོ་བོར་བྱས་ནས་འགོ་ཁྲིད་ཚན་ཁག་ཁྱོན་ཡོངས་ཀྱི་བྱང་ཚད་མཐོ་རུ་ཤུགས་ཆེན་གཏོང་བ་དང་། སྤྱོད་ཚུལ་འཛུགས་སྐྱོང་གཙོ་གནད་དུ་འཛིན་ནས་འགོ་ཁྲིད་ཚན་ཁག་ཁྱོན་ཡོངས་ཀྱི་གཟུགས་བཪྙན་ལེགས་སུ་ཤུགས་ཆེན་གཏོང་བ། ཚན་རིག་དང་མཐུན་པའི་ངང་འདེམས་སྤྱོད་བྱ་རྒྱུ་ཐབས་སུ་འཛིན་ནས་འགོ་ཁྲིད་ཚན་ཁག་གི་ལས་དོན་སྒྲུབ་པ་དང་བྱ་གཞག་གཏོད་པའི་སྤྲོ་སེམས་ཆེ་རུ་ཤུགས་ཆེན་གཏོང་བ། རིམ་ཁག་འགོ་ཁྲིད་ཚན་ཁག་ལ་དམངས་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དང་། ལས་དོན་ཧུར་ཐག་བསྒྲུབ་རྒྱུ། གཞུང་དྲང་ངང་ལས་དོན་བསྒྲུབ་རྒྱུ། ཚུལ་དང་ལྡན་པའི་མི་ཞིག་བྱ་རྒྱུ། སྤྱོད་གཙང་ངང་སྲིད་སྐྱོང་རྒྱུ་བཅས་ཀྱི་སྐུལ་མ་ཏན་ཏིག་གཏོང་བ། རིམ་ཁག་འགོ་ཁྲིད་ཚན་ཁག་གི་སྲིད་འཛིན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རིམ་ཁག་འགོ་ཁྲིད་ཚན་ཁག་འདི་ཉིད་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་མཁན་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན། མི་དམངས་ལ་བློ་གཅིག་སེམས་གཅིག་ངང་ཞབས་འདེགས་ཞུ་མཁན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་འགོ་ཁྲིད་བྱེད་མཁས་པ་བཅས་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་མཉམ་སྡེབ་ཅིག་ཏུ་འགྱུར་བ་བྱེད་དགོས།
ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་རྒྱག་སྐབས་ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་གཙོ་གནད་དུ་བརྩིས་ཏེ་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་བྱ་རྒྱུ་ནི་རང་རྒྱལ་གྱི་ཆབ་སྲིད་ལམ་སྲོལ་སྒྱུར་བཅོས་བྱེད་པའི་ནང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་སྐབས་ངེས་པར་དུ་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། སྤྱོད་ཡོན་གཉིས་ལྡན་དང་ཀུན་སྤྱོད་ལ་གཙིགས་ཆེན་གྱི་ཚད་གཞི་མཐའ་འཁྱོངས། དམངས་གཙོ་དང་། ཡོངས་བསྒྲགས། འགྲན་རྩོད། ལེགས་འདེམས་བཅས་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་བཅས་བྱས་པའི་རྨང་གཞིའི་ཐོག་ལས་བྱེད་པའི་མི་དོན་ལམ་ལུགས་སྒྱུར་བཅོས་སྔར་བས་གཏིང་ཟབ་བྱས་ནས་ལས་བྱེད་པའི་ལས་དོན་དེ་ཚན་རིག་ཅན་དང་། དམངས་གཙོ་ཅན། ལམ་ལུགས་ཅན་བཅས་སུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་སྟེ་ལས་དོན་སྒྲུབ་འདོད་ཡོད་མཁན་ལ་གོ་སྐབས་ཡོད་པ་དང་། ལས་དོན་སྒྲུབ་ཐུབ་མཁན་ལ་སྟེགས་བུ་ཡོད་པ། ལས་དོན་གྲུབ་འབྲས་ཐོན་པའི་ངང་སྒྲུབ་མཁན་ལ་གནས་བབ་ཡོད་པ་བཅས་དངོས་འབྲེལ་ཐུབ་པ་བྱེད་དགོས་པ་དང་ཆབས་ཅིག་ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། ལས་དོན་ཐད་འཇོན་ཐང་ཡོད་པ། སྤྱོད་ཚུལ་ཐད་ཉམས་སད་ཐེག་ཐུབ་པ་བཅས་ཀྱི་ཕུལ་བྱུང་ལས་བྱེད་པ་འདེམས་སྒྲུག་བརྒྱབ་ནས་ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་ཡིན་པ་དང་། མི་རིགས་ཆོས་ལུགས་ལས་དོན་ལ་རྒྱུས་མངའ་ཆེ་བ། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་བྱེད་མཁས་པ། སྤྱོད་ཚུལ་ལེགས་པ། སྒྲིག་ཁྲིམས་ནན་པ། དམངས་ཀྱི་ཆེད་དུ་སྲིད་དོན་བརྩོན་ཞིང་སྐྱོང་བ། རང་འགན་ནན་གྱིས་སྒྲུབ་པ། གཞུང་དྲང་ཞིང་སྤྱོད་པ་གཙང་བ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་ཧུར་ཐག་འཛུགས་དགོས།
ཏང་འཛུགས་སྐྱོང་ལ་ཤུགས་སྣོན་ཆེས་ཆེར་རྒྱག་སྐབས་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་གཞི་རྟེན་དུ་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཤིང་། གཞི་རིམ་ཏང་རྩ་འཛུགས་དང་སྲིད་དབང་ནི་ཏང་དང་རྒྱལ་ཁབ་ཀྱི་གཞི་རིམ་གྱི་ལས་དོན་ཚང་མ་དང་དམག་འཐབ་ནུས་པའི་རྨང་གཞི་ཞིག་ཡིན་ལ་ཏང་གི་སྲིད་འཛིན་རྨང་གཞི་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཤིག་ཀྱང་ཡིན་པ་རེད། གཞི་རིམ་ཏང་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་བོད་ཀྱི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་མཐུན་སྦྱོར་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུའི་རྩ་བའི་འགན་ལེན་ཞིག་རེད། དེར་བརྟེན་སྔོན་གཏོད་ལེགས་བརྩོན་གྱི་བྱེད་སྒོ་གཏིང་ཟབ་སྤེལ་རྒྱུ་གཞི་རྟེན་དུ་བྱས་ཏེ་ལས་འགོ་ལེགས་འཛུགས་དང་ལས་མཇུག་ལེགས་བསྡུའི་སྒོ་ནས་གཞི་རིམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལོའི་བྱེད་སྒོ་ཡག་པོ་སྤེལ་བ་དང་། གཞི་རིམ་ཏང་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་གི་ད་ལྟའི་གནས་ཚུལ་དང་ལྷག་པའི་གནད་དོན་ལ་ནན་ཏན་ངང་བརྟག་དཔྱད་དང་དབྱེ་ཞིབ་བྱེད་པ། ལེགས་སུ་གཏོང་རྒྱུའི་ཞིབ་ཕྲའི་བསམ་འཆར་འདོན་པ་དང་ཆབས་ཅིག་བྱེད་ཐབས་ནུས་ལྡན་སྤྱད་དེ་གཞི་རིམ་ཏང་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་འདི་ཉིད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་དང་། མཐུན་སྦྱོར་ལ་སྐུལ་སྤེལ་གཏོང་མཁན། ཁ་ཕྲལ་ལ་ངོ་རྒོལ་བྱེད་མཁན། བརྟན་ལྷིང་ལ་སྲུང་སྐྱོང་བྱེད་མཁན། མང་ཚོགས་ལ་ཞབས་འདེགས་ཞུ་མཁན། མི་སེམས་གཅིག་ཏུ་སྒྲིལ་མཁན་བཅས་ཀྱི་སྲ་ཞིང་བརྟན་པའི་དམག་འཐབ་མཁར་རྫོང་ཞིག་ཏུ་འགྱུར་བ་བྱེད་དགོས།