དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • སྒྲིག་ཁྲིམས་ནན་སྲུང་དང་སྤྱོད་གཙང་དྲང་བདེན་གྱིས་ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་དགོས།

  •     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།   |     སྤེལ་དུས།  2015-05-09

        རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་གྱི་རྒྱ་ཆེའི་ཚོགས་འདུའི་ཐོག་མིག་སྔའི་ལས་དོན་ཁག་ཡག་པོ་སྒྲུབ་དགོས་པའི་སྐོར་གླེང་སྐབས་ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད། ང་ཚོས་ངེས་པར་དུ་ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་འགངས་ཆེན་ཞིག་དང་ཚོད་བགམ་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཚད་མཐོའི་མཐོང་ཆེན་དང་ལྟ་སྟངས་ཡང་དག་འཛིན་ཐོག་སྐབས་བརྗེའི་ལས་དོན་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་བླང་བྱ་ཁག་ཚང་མ་ཁྱོན་ཡོངས་དང་གཏིང་ཟབ་ངང་ལག་བསྟར་དོན་འཁྱོལ་བྱས་ནས་ནུས་ཤུགས་ཡོད་རྒུས་ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་དགོས།

        དུས་བཀག་ལྟར་ཏང་གི་ས་གནས་ཀྱི་རིམ་ཁག་རྩ་འཛུགས་སྐབས་བརྗེ་བ་དེ་ནི་ཏང་གི་སྲིད་སྐྱོང་ནུས་པ་ཆེ་རུ་དང་ཏང་གི་སྲིད་སྐྱོང་གནས་བབ་སྲ་བརྟན་དུ་བཏང་སྟེ་ཏང་རྩ་འཛུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་འཁྱོངས་བྱེད་པའི་ལྡོག་མེད་བླང་བྱ་ཞིག་རེད། སྐབས་བརྗེ་བ་བརྒྱུད་ཏང་ཡོན་གྱི་ཏང་གཤིས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་བྱེད་པ། འཕེལ་རྒྱས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་གཏོང་བ་བཅས་ལ་ཕན་པ་དང་འགོ་ཁྲིད་ཚན་ཁག་གསར་ཪྙིང་བརྗེ་རེས་མངོན་འགྱུར་ཡོང་བར་སྟབས་བདེ་བསྐྲུན་པ་དང་། ཚན་ཁག་གི་གྲུབ་ཆ་ལེགས་སུ་གཏོང་བ། ཚན་ཁག་གི་ནུས་པ་ཧྲིལ་པོ་ཤུགས་ཆེར་གཏོང་བ། ཏང་ཨུད་ཀྱི་སྲོག་ཤིང་ནུས་པ་འདོན་སྤེལ་བྱ་རྒྱུར་ཕན་འདོགས་པ། ཁྱོན་ཡོངས་གཅིག་སྡོམ་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་ཐུབ། རང་ལྗོངས་ཀྱི་ངོས་ནས་བཤད་ན་ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་རང་ལྗོངས་ཀྱི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། རང་ལྗོངས་ཀྱི “ལོ་ལྔ་ཚན་བཅུ་གཉིས་པའི ”འཕེལ་རྒྱས་ཀྱི་ཇུས་ཆེན། སླད་ཕྱིན་གྱི་འཕེལ་རྒྱས་དང་བརྟན་ལྷིང་གི་ཁྱོན་ཡོངས་བཅས་དང་འབྲེལ་བ་ཡོད་པ་མ་ཟད་སྲིད་སྲོལ་དང་སྤྱི་ཚོགས་ཀྱི་དར་སྲོལ་ཡག་པོ་གཏོད་རྒྱུ་དང་ཡང་འབྲེལ་བ་ཡོད་པས་སྤྱི་ཚོགས་ལས་རིགས་ཁག་གིས་ཚད་མཐོའི་དོ་ཁུར་དང་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཁུར་ཟབ་མོ་བྱེད་དགོས། ང་ཚོས་ངེས་པར་དུ་བསམ་བློའི་ཐོག་ངོས་འཛིན་གཏིང་ཟབ་དང་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རང་རྟོགས་ངང་བྱ་སྤྱོད་དེ་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་སྐབས་བརྗེའི་ལས་དོན་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས།

        ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་པར་ད་བརྒལ་གྱིས་བསམ་གཞིག་བྱེད་པ་དང་གྲ་སྒྲིག་གང་ལེགས་བྱས་ཏེ་ཀྲུང་དབྱང་རྩ་འཛུགས་པུའུ་དང་གཞོགས་འདེགས་ཡག་པོ་བྱས་ཏེ་ལས་བྱེད་པའི་ཞབས་ཞུའི་ལས་དོན་ཡག་པོ་སྒྲུབ་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་། རིམ་པ་སྟར་ཆགས་ཀྱིས་འགན་འཁྲི་དོན་འཁྱོལ་བྱེད་པ། དམངས་གཙོ་དང་། ཡོངས་བསྒྲགས། འགྲན་རྩོད། ལེགས་གྲས་འདེམས་པ་བཅས་རྒྱུན་འཁྱོངས་བྱས་ཐོག་སྤྱོད་ཡོན་གཉིས་ལྡན་དང་སྤྱོད་ཚུལ་གཙོ་བོར་བྱེད་པའི་མི་སྤྱོད་པའི་ཚད་གཞིར་གཞིགས་ནས་གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱེད་པ་དང་ཞིབ་འཇུག་ཡག་པོ་བྱས་ཏེ་གོང་རིམ་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ལས་བྱེད་པ་འདེམས་སྒྲུག་དང་བསྐོ་སྤྱོད་བྱེད་པའི་མིང་ཐོ་འགོད་པ་དང་། འོས་སྦྱོར། རྟོག་ཞིབ་བཅས་དང་དེ་བཞིན་འགན་འཁྲི་སྒྲུབ་ཚུལ་ཞུ་བའི་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་སོགས་ལས་དོན་ཡག་པོ་སྒྲུབ་པ་དང་སྐབས་བརྗེའི་དུས་ཚོད་དང་། གྲོས་རིམ། འཐུས་མིའི་ཁ་གྲངས། གྲུབ་ཆའི་བསྡུར་ཚད་སོགས་ཇུས་འགོད་ཡག་པོ་བྱས་ཏེ་སྐབས་བརྗེའི་ལས་དོན་གྱི་ནང་དོན་དང་གོ་རིམ་ཁག་ཁ་གསལ་དང་དོན་ཐོག་ཏུ་འཁྱོལ་བ་དང་ལྷུ་ཚིགས་ཁག་ཇུས་འགོད་དམ་ཟབ་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱས་ནས་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་ཐུབ་ཆེད་རྨང་གཞི་བརྟན་པོ་འདིང་དགོས།

        ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་པར་བརྟག་དཔྱད་ཞིབ་འཇུག་དང་བློ་བསྡུས་དགེ་འཚོལ་བྱས་ཏེ་ཏང་ཡོན་གྱི་འཐུས་མིའི་ཚོགས་འདུའི་ལས་ཀའི་སྙན་ཞུ་ཟིན་བྲིས་ཡག་པོ་འགོད་པ་དང་བཟོ་བཅོས་ཡག་པོ་རྒྱག་དགོས། ཏང་ཡོན་གྱི་འཐུས་མིའི་ཚོགས་འདུའི་ལས་ཀའི་སྙན་ཞུ་ཟིན་བྲིས་ཡག་པོ་འགོད་པ་དང་བཟོ་བཅོས་ཡག་པོ་རྒྱག་པ་དེ་དོན་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་བདུན་པ་དང་དེ་བཞིན་སྐབས་བཅུ་བདུན་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དང་། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་ཡི “བདུན་གཅིག ”གི་གསུང་བཤད་གལ་ཆེན་གྱི་དགོངས་དོན། བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་བཅས་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་དགོངས་དོན་དང་ཀྲུའུ་ཞི་གཞོན་པ་ཞིས་ཅིན་ཕིང་གིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བའི་རྟེན་འབྲེལ་མཛད་སྒོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ཏན་ཏིག་བྱས་ཏེ་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལེགས་ལ་མྱུར་བའི་ངང་འཕེལ་རྒྱས་གཏོང་བ་དང་སྤྱི་ཚོགས་དུས་བབ་ཡུན་རིང་བདེ་འཁོད་མངོན་གྱུར་ཡོང་བའི་དོན་དངོས་ལ་དམ་པོར་དམིགས་ནས་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་དང་སྟོབས་ཤུགས་སྐུལ་སློང་བྱས་ཏེ་ཐུན་མོང་ཐོག་ཏང་ཡོན་གྱི་འཐུས་མིའི་ཚོགས་འདུའི་ལས་ཀའི་སྙན་ཞུ་ཟིན་བྲིས་ཡག་པོ་འགོད་པ་དང་། བཟོ་བཅོས་ཡག་པོ་རྒྱག་པ། འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མི་སེམས་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་འགྲིལ་བའི་དམིགས་ཚད་དངོས་སུ་སྒྲུབ་ཐུབ་པ་བྱེད་དགོས།

        ཏང་ཨུད་ཀྱི་སྐབས་བརྗེའི་ལས་དོན་ཡག་པོ་སྒྲུབ་པར་སྒྲིག་ཁྲིམས་ནན་པོ་སྲུང་བ་དང་ཁྲིད་སྟོན་ལེགས་པོ་བྱས་ཏེ་སྤྱོད་གཙང་དྲང་བདེན་གྱི་སྐབས་བརྗེའི་ཁོར་ཡུག་ཧུར་ཐག་ངང་གཏོད་ནས་སྐབས་བརྗེའི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱེད་དགོས། སྐབས་བརྗེའི་སྒྲིག་ཁྲིམས་ནན་པོ་དང་སྐབས་བརྗེའི་སྤྱོད་གཙང་དྲན་བདེན་འགན་ལེན་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཐོག་ཆབ་སྲིད་ཀྱི་འདུ་ཤེས་དང་། འགན་འཁྲིའི་འདུ་ཤེས། སྤྱི་ཡོངས་ཀྱི་འདུ་ཤེས་བཅས་ཟབ་ཏུ་ཏན་ཏིག་བཏང་ནས་སྐབས་བརྗེའི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཤུགས་ཆེར་བཏང་སྟེ་ཁྲིད་སྟོན་ཡག་པོ་བྱེད་པ་དང་། ལས་བྱེད་པ་ཡང་དག་འདེམས་པ། ཚན་ཁག་སྟོབས་ཆེར་བཏང་བ། སྤྱོད་ཚུལ་ཡོ་བསྲང་བཅས་བྱས་ནས་སྐབས་བརྗེའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱས་ཐོག་ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ལན་ཞིག་འདེབས་དགོས།

    འགན་འཁུར་རྩོམ་སྒྲིག་པ། admin

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།